འབའ་པ་སྐལ་བཟང་འཕྲིན་ལས།

འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།
ཟླ་རེའི་ཡིག་ཚགས།

སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།

༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

བདེ་སྐྱིད་ཟེར་བ་དེ་འདི་རེད།

ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།

ཟིན་བྲིས་ཡིག་ཚགས།

སྒེར་གྱི་རྒྱུ་ཆ།

༄༅།། འབའ་ཐང་གི་འགྱུར་ཁུག
འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
View my complete profile
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.

དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
Sunday, September 4, 2011
               སྒྱུ་རྩལ་རྩོམ་རིག་ལས་འཕྲོས་པའི་སྐད་ཆ་འགའ།
                                               འབའ་པ་སྐལ་བཟང་འཕྲིན་ལས།
                                 
སྒྱུ་རྩལ་ཞེས་པའི་ཚིག་འབྲུ་གཉིས་ཀྱི་བསྟན་དོན་འགྲེལ་པ།
སྤྱིར་སྒྱུ་རྩལ་ཞེས་པ་ནི་ཐོད་བརྒལ་རང་བཞིན་གྱི་ནུས་ཤུགས་ཤིག་གི་བརྡ་ཆད་ཡིན་པས་སྒྱུ་རྩལ་ནི་ཐོད་བརྒལ་རང་བཞིན་ཅན་གྱི་སྒུལ་ཤུགས་ཞིག་གོ་དགོས་ལ། དེ་ལ་རིགས་བཀར་ན་ལུས་ངག་ཡིད་གསུམ་གྱི་སྒྱུ་རྩལ་དང་ཡང་ན་དྲུག་ཅུ་རེ་གྲངས་ཀྱི་དབྱེ་བ་ཡོད་ཆོག་ལ། ལུས་ཀྱི་སྒྱུ་རྩལ་ངོས་ནས་སྒྱུ་རྩལ་གྱི་རིན་ཐང་འཚོལ་དུས་ཀྱང་རྒན་པོ་ཡི་འཁྱོག་འགྲོས་ལྟ་བུ་ལུས་ཀྱི་རྒྱུ་རྩལ་ཁོངས་སུ་བསྡུས་ན་མི་འགྲིོག་པས་ངེས་པར་དུ་ཕྲ་ལྡེམ་གཡོ་འགུལ་གྱི་ཐོད་བརྒལ་རང་བཞིན་ལྡན་པའི་འགུལ་སྟངས་ཤིག་འདེམས་དགོས་པ་ལྟ་བུ་རེད།

རྩོམ་རིག་སྒྱུ་རྩལ་དང་ཆུ་ལྟ་བུའི་སྙན་ངག་གི་བར་ཐག
སྙན་ངག་གི་ནུས་པ་ནི་གཞན་སེམས་འཕྲོག་པ་དང་སྙན་ངག་གི་དགོས་དོན་ནི་གཞན་ལ་གོ་དོན་སྤྲོད་པ་དེ་ཡོན་མོད་རྩོམ་རིག་དེ་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་ཚར་དུས་ཡིན་གཅིག་ཐོད་བརྒལ་རང་བཞིན་ཅན་གྱི་ནུས་པ་ཞིག་ལྡན་དགོས་ལ།སྙན་ངག་ལ་དངོས་ཡོད་སྒྱུ་འཕྲུལ་དང་རྟོག་པ་འཆར་ཡན་རིང་ལུགས་དང་། ད་དུང་་བརྗོད་བྱ་བསྟན་སྟངས་ཆ་ནས་རབ་རིབ་མངོན་གསལ་སོགས་རིང་ལུགས་འདྲ་མིན་ཡོད་ལ།བརྗོད་བྱ་དང་བརྗོད་བྱེད་གང་ཡིན་མོེད་ཐོད་བརྒལ་རང་བཞིན་ཅན་གྱི་ཚིག་གཅིག་ཡིན་ན་གཞི་ནས་རྒྱུ་རྩལ་རྩོམ་རིག་ཁོངས་སུ་བསྡུས་འོས།
འོན་ཀྱང་དེང་སང་ཀློག་ནས་བསམ་ན་ཡང་མངར་སྐྱུར་གྱི་བྲོ་གང་ཡང་སྟེར་མི་ནུས་ཕྱི་ནས་བལྟས་དུ་ནང་ཁྲོག་དང་སྐྱག་པ་ཡན་མཐོང་ཐུབ་པའི་ཚིག་བཅད་མ་ཁ་ཤས་འདུག་པས་དེ་དག་སྙན་ངག་དང་རྩོམ་རིག་ཁོངས་སུ་བསྡུས་ན་རྩོམ་རིག་གི་རིན་ཐང་རྒུད་པའི་རྐྱེན་རང་རེད།
སྒྱུ་རྩལ་རྩོམ་རིག་ནི་གཞན་གྱི་ཀློག་ནས་བསྟན་དོན་རྟོགས་པ་ཙམ་མིན་པར་ད་དུང་གཞན་སེམས་འཕྲོག་པའི་སྒུལ་ཤུགས་ལྡན་དགོས་ལ།ཚིག་སྦྱོར་གྱི་ཆ་ནས་མངོན་གསལ་དང་རབ་རིབ་ཅི་རིགས་ཡོད་ཆོག གཞན་གྱི་ཕྱི་ནས་བལྟས་དུས་ནང་ཁྲོག་དང་སྐྱག་པ་ཡན་རིག་པའི་ཚིག་ལྡུམ་དཔེར་ན། ང་ནི་དེ་རིང་ལྷ་སར་སོང་བ་ན།། བར་སྐོར་ནང་དུ་སྤྲང་པོ་ཁ་ཤས་མཐོང་།། ཟེར་བ་ལྟ་བུ་ནི་ཀློག་ནས་བསམ་ན་ཡང་།ཉན་ནས་བསམ་ན་ཡང་མངར་སྐྱུར་གྱི་བྲོ་བ་གང་ཡང་མི་སྟེར་ལ།དེ་དག་ནི་སྒྱུ་སྩལ་གྱི་ཁོངས་སུ་བགྲང་མི་འོས་པར་འདོད། དེང་སྐབས་རྩོམ་ལུགས་ངན་པ་དེས་མཐོང་རྒྱ་མེད་པའི་ལུང་ཁུག་རེ་གཉིས་དབང་འོག་ཏུ་བཅུག་འདུག་པས་རྩོམ་རིག་འཕེལ་རྒྱས་ཁྲོད་བཀག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད།
རྗོད་པ་པོ་ཡི་བརྗོད་འདོད་དང་ཉན་པོ་ཡི་ཉན་འདོད་ཟེར་བའི་ངོས་ནས་སྙན་ངག་གི་གོ་དོན་འགྲེལ་པ་དང་ཡང་ན་གསུང་གཅིག་ལ་ནི་གསུང་ཉིད་དུ་དུ་མ་ཉིད་དུ་སོ་སོ་གོ་ལྟ་བུའི་ངོས་ནས་སྙན་ངག་གི་གོ་དོན་འགྲེལ་པ་ནི་སྙན་ངག་གི་དམའ་མཐའ་ཡི་ཚད་ཀྱང་མ་མཐོང་པ་དང་།རང་ཉིད་ཀྱིས་ད་དུང་སྙན་ངག་གི་བྲོ་བ་མ་རག་པའི་དབང་གིས་རེད། 
གང་ལྟར་སྙན་ངག་ནི་ཟེར་བ་དེ་རིག་གནས་ཤིག་ཁོངས་སུ་གཏོགས་པས་ངེས་པར་དུ་ཕལ་པའི་སྐད་ཆ་ལས་འདས་དགོས།ཕལ་པའི་སྐད་ཆ་ལྟ་དམར་རྗེན་མ་ཡིན་ཚེ་ད་དུང་རིག་གནས་ཀྱི་ཁོངས་སུ་ཡོད་པའི་སྙན་ངག་ཟེར་བ་དེ་དང་ཁ་ཐག་རིང་དུ་ལུས་ཡོད་པའི་རྟགས་རེད།

སྒྱུ་རྩལ་རྩོམ་རིག་གི་ནང་སྙིང་།
ཡི་གེ་ཀློག་ཤེས་ཚད་ཀྱིས་གོ་དོན་རྟོགས་མི་ཐུབ་པ་དེ་ནི་སྙན་ངག་ཡིན་པའི་རྟགས་རེད་ལ།དེ་ནི་སྒྱུ་རྩལ་གྱི་ཁོངས་སུ་བསྡུས་པའི་རྟགས་ཀྱང་རེད། རྩོམ་རིག་ཟེར་བ་དེ་རིག་གནས་ཁོངས་སུ་གཏོགས་པས་སྦྱང་པ་ཟབ་མོ་མེད་པ་ཚོས་ལས་སླ་བོ་རྟོགས་མི་ནུས།སྙན་ངག་ནི་ནང་སེམས་ཀྱི་ཚོར་བའི་རླབས་རིས་ཡིན་པས་ན་ནང་སེམས་ནང་ཉི་འོག་གི་རྒྱ་མཚོ་ལྟ་བུའི་ཞི་འཇམ་དང་རླུང་བུས་བསྐྱོད་པའི་རྒྱ་མཚོའི་རླབས་རིས་ལྟ་བུའི་དྲག་འཚུབ་དག་རྗོད་བྱེད་ངག་རིག་གིས་གསལ་དུས་ནམ་རྒྱུན་ཕལ་པའི་སྐད་ཆ་བཤད་སྟངས་ལས་བརྒལ་བ་འུར་དང་ཟིང་གིས་བསྟན་དོན་དག་མི་རྣ་ཁར་བརྒྱུད་ནས་ཀླད་ཁར་བསྐྱལ་བ་ཞིག་དགོས་ལ།  བུམ་པ་ནག་པོ་ལ་བུམ་པ་ནག་པོ་ཟེར་ནས་རང་འགར་བའི་ཚིག་གིས་བུམ་པ་ནག་པོ་ཡིན་སྟངས་རང་འགར་བ་མ་གཏོགས་བསྟན་མི་ནུས་ཤིང་། གལ་ཏེ་བུམ་པ་ནག་པོ་ཡིན་ལུགས་གློག་འོད་ངོགས་ཀྱི་ཅ་དངོས་དང་དྭངས་ཆུ་ནང་གི་རྡེའུ་བཞིན་ཀླད་ངོས་བསྐྱལ་དགོས་ཚེ་དེ་ལ་དམིགས་བསལ་གྱི་ཚིག་སྦྱོར་སྤྱད་ནས་བརྡ་སྤྲོད་བྱ་དགོས།དེ་ལས་གནག་སྟངས་དང་བུམ་པའི་གཟུགས་དབྱིབས་སོགས་གློག་བརྙན་དཔར་པ་ལྟར་གནམ་ཐོག་བལྟས་པ་དང་ས་ཐོག་ནས་བལྟས་པ་དང་།དེ་བཞིན་གཡས་གཡོནགང་རུང་ནས་ཚུན་མཐོང་པའི་བཟོ་ལྟ་དེ་ཁྱེད་མིག་ངོགས་བསྐྱལ་ཐུབ་པ་ཞིག་དགོས། དེ་དུས་གཞི་ནས་ཕལ་པའི་སྐད་ཆ་ལས་བརྒལ་པའི་ངག་རིག་གི་ཁྱད་པ་དག་ཐོན་པ་རེད། རྩོམ་ཡིག་དེདག་་བྲིས་དུས་ངེས་པར་དུ་རྟོག་པ་རྒྱ་ཡན་བཏང་ནས་འབྲི་དགོས་ལ།རྟོག་པ་རྒྱ་ཡན་མ་བཏང་ཚེ་རང་གི་ཚོར་འདུའི་ཁ་དོག་དེ་ངག་རིག་ན་མངོན་མི་ཐུབ། གྱ་གྱུ་དང་འགྱུར་སླ་བའི་ནང་སེམས་ཀྱི་འགྲོས་དེ་ཇི་བཞིན་ངག་ཏུ་མངོན་པར་རིག་བྱེད་ཀྱི་གཏམ་དེ་ཡང་གྱ་གྱུ་དང་མངོན་གབ་ཅི་རིགས་ཤིག་བརྒྱུད་དགོས་ངེས་རེད།
ཀློག་པ་པོས་བསམ་ངོར་ལྟོས་ནས་འབྲི་དགོས་པའམ་ཡང་ན་མངོན་གསལ་རིང་ལུགས་འོག་འབྲི་དགོས་སྨྲམཁན་ཚོས་ཤོག་བུ་ངོས་སུ་སྙན་ངག་བཏགས་པའི་ཚིག་ལྡུམ་ག་ཚོད་བྲིས་ཀྱང་བརྒལ་ཁ་ཆེན་པོ་དེ་གཏོར་མི་ནུས་པའི་དབང་གིས་རང་གི་སེམས་ཀྱི་ཚོར་འདུ་དམར་རྗེན་མ་དེ་གསལ་བར་བྱེད་པའི་ངག་ཚིིག་གི་མ་ལྡང་ནས་ཇི་བཞིན་ཀློག་མཁན་གྱི་ཀླད་ཁར་བསྐྱལ་མི་ནུས། དོན་དམ་རང་ཉིད་ནི་ཀློག་པ་པོ་ལ་ལན་བསྐྱལ་མི་ནུས་པའི་མི་ཞིག་རེད་ལ།སྒྱུ་རྩལ་རྩོམ་རིག་ལག་ཏུ་ཐེབས་མ་མྱོང་པའི་མི་ཞིག་ཀྱང་རེད།
བུམ་པ་ནག་པོ་་མི་ཞིག་ལ་བརྡ་ཐབས་ལམ་ནས་ངོ་སྤྲོད་བཟོ་དགོས་ཚེ་བུམ་པ་ནག་པོ་ཞེས་ཕལ་པའི་ལམ་ནས་བརྗོད་མི་འདོད་པར་ཚིག་གི་མཛེས་བཟོ་ལམ་ནས་བརྗོད་དོན་དེ་དྲངས་པ་ཡིན་པས་ངེས་པར་དུ་ཚིག་གི་སྦྱོར་བ་ལ་རྒྱན་ཆ་ག་ཚོད་བཏགས་གང་ཐུབ་བྱ་དགོས།
 ད་དུང་སྙན་ངག་དང་སྡོམ་ཚིག་གཉིས་ལ་ཁྱད་པ་ཡོད་པས་སྙན་ངག་ཟེར་བ་དེ་ངེས་པར་དུ་ཆེས་རང་དབང་ཅན་གྱི་ཕྱོགས་སུ་བསྐྱོད་་དགོས།ཆེས་རང་དབང་ཅན་གྱི་ཕྱོགས་སུ་གོམ་པ་འདོར་པར་རྟོག་པ་རྒྱ་ཡན་ཐོག་ནས་འགོ་བརྩམས་དགོས་པ་དང་། ལམ་དེ་ན་ཞུགས་ཚར་དུས་ཚིག་སྦྱོར་ཡང་མདུན་རྒྱབ་གཉིས་ཀྱི་ཐོག་ནས་གོ་བབ་ངེས་ཅན་རེ་ལེན་རྒྱུ་ཡོད་ཅན་ཞིག་ཆགས་ཀྱི་རེད། མཚམས་དེར་ཤེས་དགོས་པ་ཞིག་ནི་སྙན་ངགལ་་དུས་རབས་ཀྱི་བསམ་བློ་ལ་ལྟོས་པའི་འགྱུར་མཚམས་རེ་ངེས་པར་དུ་ཡོད་དགོས་པ་ལྟར་དེང་རབས་རབ་རིབ་སྲོལ་ལུགས་དེར་སྔོན་གྱི་སྙན་ངག་ལྟར་དཔེ་དཔེ་ཅན་བར་མཚུངས་ཆོས་དངོས་སུ་ཡོད་མི་དགོས་པར་མཚོན་དོན་རང་གི་ཐོག་ནས་འབྲི་ཆོག་པར་ཡིན་ལ།
དཔེར་ན་ཁྱེད་ཀྱིས་ཁོ་གཡོ་སྒྱུ་ཅན་ཞིག་ཡིན་པ་བརྗོད་འདོད་ཚེ་།ཕྱི་ཤུན་ཙམ་ན་གནས་པའི་ངོ་རིས་ན་ད་དུང་ཡང་ངོ་རིས་འདུག ཟེར་བུ་ལྟ་བུ་འབྲི་ཆོག སྙན་ངག་དེ་ཡི་ཐོད་བརྒལ་རང་བཞིན་ལྡན་ཞིང་སྒྱུ་རྩལ་ཆེས་འཕྱར་བའི་སྙན་ངག་དག་ཡིན་། དེའི་རིགས་ལ་མགོ་འཐོམ་པ་ཚོས་སྙན་ངག་ཡིན་པ་ད་དུང་ཡང་ཤེས་མེད་པས་མདོར་ཙམ་ཞོར་དུ་བཤད་པ་ཙམ་ཡིན།

མཇུག་བསྡུ་བ།
ནང་བསམ་བློའི་རྒྱ་འཆར་ཡན་པ་དང་རྒྱ་ཡན་མེད་པ་དང་།ཚིག་སྦྱོར་ལ་ཤུགས་ཀྱིས་བསྟན་དོན་ཟབ་ས་ནས་བསྟན་ནུས་པའི་ངག་རིག་མེད་པ་ཚོས་རྩོམ་རིག་གི་བྲོ་བ་མྱོང་མི་ཐུབ་ལ། ཆེས་གུ་ཡངས་ལྡན་པའི་རྩོམ་རིག་གི་ཕྱོགས་སུ་བསྙེགས་མི་སྲིད། རང་ཉིད་ཀྱིས་རང་ཉིད་ཀྱི་སྐེ་བཙིར་བ་ལྟ་བུའི་རིང་ལུགས་འོག་ནས་སྙན་ངག་དངོས་མ་དེ་དང་རང་དང་རྒྱང་ཐག་ཧ་ཅང་གིས་ཆད་ཡོད་དོ།



1 བསམ་ཚུལ་འདོན་པ།:

འཇམ་དབྱངས་གྲགས་པ། said...

གྲོགས་པོས་བྲིས་པ་བཟང་། ཉིན་ཤས་སྔོན་ཁ་བྱང་དེ་མཐོང་ཡང་ཞིབ་ཀློག་བྱེད་རྒྱུའི་གོ་སྐབས་དེ་རིང་བར་མ་རག