འབའ་པ་སྐལ་བཟང་འཕྲིན་ལས།

འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།
ཟླ་རེའི་ཡིག་ཚགས།

སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།

༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

བདེ་སྐྱིད་ཟེར་བ་དེ་འདི་རེད།

ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།

ཟིན་བྲིས་ཡིག་ཚགས།

སྒེར་གྱི་རྒྱུ་ཆ།

༄༅།། འབའ་ཐང་གི་འགྱུར་ཁུག
འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
View my complete profile
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.

དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
Wednesday, October 24, 2012

      འགྱུར་ཚད་མྱུར་བའི་ལས་འགུལ་གྱི་རྣམ་པ་དང་མ་འོངས་པའི་ཉེན་ཁ།
                                                              འབའ་པ་སྐལ་བཟང་འཕྲིན་ལས།

ལོ་རབས་ལྔ་བཅུ་པར་རྒྱ་དམར་བོད་དུ་དཔུང་འཇུག་བྱས་ཏེ། བོད་ཀྱི་འདོད་བློ་དང་མི་མཐུན་པའི་སྣོད་བཅུད་གཉིས་ཀར་བདག་བཟུང་ཤུགས་ཆེ་བྱས་པར་བརྟེན་ཨ་ལོ་ཆོས་མཛད་སོགས་ཀྱིས་འགོ་ཁྲིད་པའི་མི་མང་ཚོགས་ཞེས་པ་ཞིག་གསར་འཛུགས་བྱས་ནས་བོད་ཀྱི་བདག་པོ་བོད་མི་ཡིན་པའི་སྐོར་སོགས་རྒྱ་གཞུང་ལ་སྙན་ཞུ་དང་། བར་སྐོར་སོགས་སྲང་ལམ་གང་སར་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕྱིར་རྒྱུགས་ཤིག་བོད་རང་བཙན་གཙང་མ་ཡིན་ཟེར་བའི་འབོད་ཚིག་འཁོད་པའི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་ཡོད།
དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་རྣམ་གྲངས་གསར་པ་ཞིག་དབུ་འཛུགས་པ་ཡིན།དེ་ནས་ཡོངས་སུ་གྲགས་པའི་བུད་མེད་རང་དབང་སྒེར་ལངས་ཆེན་མོའི་ལས་འགུལ་དེ་བྱུང་ཞིང་།སྒེར་ལངས་དེའི་སྐབས་ལག་པ་གནམ་ལ་འཕྱར་བཞིན་བོད་རང་བཙན་ཡིན།རྒྱ་དམར་བོད་ནས་ཕྱིར་རྒྱུགས་ཟེར་བ་སོགས་གོང་འཁོད་མི་མང་ཚོགས་པས་སྦྱར་འགྲེམས་བྱས་པའི་རྩ་ཚིག་རྣམས་འབོད་ཚིག་ཏུ་སྒྲོག་ཡོད། ད་དུང་༧གོང་ས་མཆོག་རྒྱ་དམར་གྱི་དམར་སྒར་དུ་སྟོན་མོར་གཟིགས་པར་ཕེབས་ན་འཛིན་བཟུང་བཀག་ཉར་བྱ་སྲིད་པའི་ཉེན་ཁ་མཐོང་ནས་བོད་ཀྱི་སྐྱ་སེར་མང་པོས་པོ་ཏྭ་ལར་བསྐོར་ནས་གོང་གསལ་བཞིན་ཁ་འབོད་བྱས་ཡོད།
དེ་ནས་བོད་ཤོར་ནས་བཟུང་ལོ་ལྟར་གསུམ་ཅུ་དུས་དྲན་ཞེས་པའི་མྱ་ངན་དྲན་གསོ་དང་དགྲ་རྒོལ་བྱེད་པའི་ལས་འགུལ་ཞིག་སྤེལ་སྲོལ་བྱུང་ཞིང་།ལས་འགུལ་དེ་དག་གི་ནང་གཙོ་བོ་གོང་གསལ་འབོད་ཚིག་རྣམས་སྒྲོག་ནས་དགྲ་བོར་རྒོལ་བའི་རྣམ་འགྱུར་བཟུང་ཡོད།་ལོ་རབས་བདུན་ཅུ་པའི་འགོ་སྟོད་དང་བརྒྱད་ཅུའི་ནང་བོད་ནང་འབོད་ཚིག་དེ་དག་སླར་ཡང་གསོན་ཏེ་སྟོད་ཉི་མ་ལྷ་ས་ནས་བཟུང་བོད་ཀྱི་ས་ཁུལ་མང་པོ་ཞིག་ནང་ཁྱབ་བརྡལ་ཕྱིན་ཡོད། དེ་ནས་བཟུང་དུས་ཡུན་རིང་པོ་ཞིག་ནང་ཞི་བའི་ལས་འགུལ་གྱི་རྣམ་གྲངས་དེ་དག་ལ་འགྱུར་བ་གང་ཡང་མེད་པར་རང་འཇགས་ངང་ནས་གནས་ཡོད།
    ཕྱི་ལོ་༡༩༩༨ལོར་བཙན་བྱོལ་ནང་འབོད་ཚིག་སྒྲོག་པ་ཙམ་མིན་པར་རང་སྲེག་གི་ལས་འགུལ་དང་།སྐབས་དེ་དག་གི་གཡས་གཡོན་ནམ་དེ་སྔ་གང་རུང་ཞིག་ནས་ཟས་བཅད་དང་མར་མེར་སྐོར་བསྐྱོད་ཀྱི་ལས་འགུལ་ཡང་བྱུང་།འོན་ཀྱང་དེའི་སྐབས་བརྡ་འཕྲིན་གྱི་བརྒྱུད་ལམ་ཞན་དྲགས་པའམ་ཡང་ན་རྐྱེན་གཞན་པ་གང་གི་དབང་ཡིན་མི་ཤེས་མོད་ལས་འགུལ་དེ་དག་བོད་ནང་ཁྱབ་བརྡལ་བྱུང་ཐུབ་མི་འདུག་ལ།བཙན་བྱོལ་ནང་དུ་ཡང་ལས་འགུལ་དེ་དག་གི་འཕྲོར་མཐུད་མ་ཐུབ་པ་དེ་མུར་ལུས་པས་སླར་ཡང་ལས་འགུལ་རྣམ་གྲངས་ཕྱིར་ལོག་ལྟ་བུ་གྱུར་ནས་སྔར་བཞིན་སྐད་འབོད་སོགས་རང་བྱས་ནས་དུས་འདའ།
     དེ་ནས་སྟོང་ལོ་གསར་པ་ཤར་མ་ཐག་བོད་ནང་དུ་ལས་འགུལ་ཐེངས་ཁ་ཤས་བྱུང་ཞིང་ལས་འགུལ་དེ་དག་གི་ནང་གཙོ་བོ་རང་གི་མངོན་འདོད་འབོད་ཚིག་ཏུ་སྒྲོག་པའི་ལས་འགུལ་གྱི་རྣམ་པ་རྙིང་པ་རང་དུ་གནས་ཡོད།ལྷག་པར་དུ་ས་བྱིའི་ཞི་རྒོལ་ཆེན་པོའི་ནང་ཡང་ཐོག་མའི་ཆར་སྐད་འབོད་ངོ་རྒོལ་རང་བྱས་པ་ལས་ལས་འགུལ་རྣམས་གྲང་གསར་པ་གང་ཡང་མ་བྱུང་། དེ་ནས་ངོ་རྒོལ་སྐད་འབོད་ལ་བདག་སྤྲོད་བྱེད་མཁན་དང་མངོན་གསལ་གྱི་གྲུབ་འབྲས་མེད་པའི་ཚོར་སྣང་དབང་གིས་སོ་ནམ་པས་ས་ཞིང་འདེབས་ལས་མི་བྱེད་པའི་ལས་འགུལ་དང་། ལོ་གསར་མི་གཏོང་པའི་ལས་འགུལ། རང་སྐད་གཙང་བཤད་དང་རང་གོས་གཙང་གྱོན། རང་ཟས་གཙང་ཟ་བྱེད་པའི་ལྷག་དཀར་ལས་འགུལ་བར་རིམ་པ་བྱུང་ལ།ཞི་བའི་ལས་འགུལ་དེ་དག་ལ་ཡང་སྔར་བཞིན་རྒྱ་གཞུང་གིས་ཡ་ལན་གང་ཡང་མ་སྤྲད་པར་བོད་མིའི་གཞི་རྩའི་མི་ཡི་ཐོབ་ཐང་དང་གོམས་གཤིས་སོགས་སྔར་བཞིན་གནོན་བཙིར་རྒྱུན་མ་ཆད་པ་དང་།ཞི་བའི་ལས་འགུལ་གྱི་ལན་དུ་གསོད་རྡུང་འཕྲོག་བཅོམ་སོགས་དྲག་ཤུགས་ཀྱིས་བཙན་གནོན་བྱ་རྒྱུར་ཆེས་ཆེར་ཕྱིན་པར་བརྟེན་༢༠༡༠ལོར་རང་སྲེག་གི་ལས་འགུལ་འགོ་འབུས་ཡོད །སྤྱིར་བཏང་རང་ལུས་ལ་འབར་རྫས་ཐོགས་ནས་གཏོར་རྒོལ་བྱས་པ་དང་རང་བསྲེགས་ཀྱི་ལས་འགུལ་གཉིས་ཀ་བློས་བཏང་གི་ཆ་ནས་གཅིག་པ་ཡིན་ནའང་སྡང་སེམས་ཀྱི་དབང་གིས་དགྲ་བོ་དང་རང་ཉིད་གཉིས་ཀ་ལྷན་དུ་མེད་པར་བྱ་རྒྱུ་དེ་ལས་སླ་ཞིང་། དགྲ་བོར་ཅུང་ཟད་ཙམ་ཡང་གནོད་པ་མ་བྱས་པར་བདེན་པའི་དཔང་པོར་རང་སྲོག་བཏང་བ་ཧ་ཅང་གི་བྱ་དཀའ་བའི་ལས་དོན་ཞིག་ཡིན། དེ་འདྲའི་བློས་བཏང་གི་བསམ་པ་ལྡན་ཞིང་གནང་དཀའི་ལས་འགུལ་ཞིག་ཡིན་ནའང་༧གོང་ས་མཆོག་གི་བཀའ་བཏགས་ཕྱག་རྒྱ་ལས་མ་ནུས་པར་གཞན་ལ་འཚེ་བ་ལས་རང་གི་ཚེ་སྲོག་བཅད་ནས་འཛམ་གླིང་མི་མང་ལ་བདེན་དཔང་བྱེད་པའི་ཞི་བའི་ལས་འགུལ་དེ་རང་དུ་གནས་ཡོད།
      ད་དུང་སྟོང་ལོ་གསར་པ་ཤར་ནས་བཟུང་བོད་ཀྱི་གླུ་བ་དང་གླུ་མ་ཚོས་༧གོང་ས་མཆོག་ལ་བསྟོད་གླུ་དང་བོད་སྐྱོབ་འབོད་སྒྲར་མཚོན་པའི་པའི་གླུ་གཞས་རྣམས་ཐོག་མར་རབ་རིབ་ནས་ད་ཆར་དངོས་གསལ་དུ་བཏང་ཏེ།ཐ་ན་རྒྱལ་དར་དང་རང་བཙན་ད་དུང་གོང་ས་མཆོག་དང་བཀའ་བློན་ཁྲི་པའི་མཚན་དངོས་གསལ། སྐུ་དཔར་སོགས་ཀྱང་བརྙན་ངོས་སུ་དངོས་གསལ་དུ་འཆར་བཅུག་ཏེ་གླུ་གཞས་བླངས་ཡོད། གླུ་བ་གླུ་མ་དེ་དག་གིས་གླུ་དེ་འདྲ་ཞིག་བླངས་ན་ཐ་མར་ལྷུང་སར་གང་ཡིན་སྔར་ནས་ཤེས་རྟོགས་ཡོད་ཀྱང་མི་རིོགས་ཀྱི་བདེ་སྡུག་ལ་འགན་ཁུར་བླངས་པའི་བསམ་པས་ཡོད་ཚད་བློས་བཏང་བྱས་ཡོད།    དེ་ལྟ་བུའི་ཕྱོགས་ཡོངས་ནས་བློས་བཏང་ཆེན་པོ་ཞིག་བྱུང་བ་དེ་ནི་གོང་ཞུས་བཞིན་རྒྱ་གཞུངགི་བཙིར་གནོན་ཐལ་དྲགས་བྱས་པའི་དབང་གིས་རེད་ལ།ལྷག་པར་དུ་འདས་མ་ཐག་པའི་ལོ་གཅིག་གཉིས་ནང་བོད་དོན་འཐབ་རྩོད་ཀྱི་རྣམ་གྲངས་གསར་བསྣན་མང་པོ་ཞིག་བྱ་དགོས་བྱུང་བ་དེ་ཡང་གཞིས་ལུས་བོད་མིའི་ཁྲོད་ཤེས་རབ་ཀྱི་བློ་མིག་ལྡན་པའི་གཞོན་སྐྱེས་གང་མང་ཞིག་སྐྱེས་བསྲིངས་བྱུང་ནས་དེ་དག་གིས་དོན་དམ་པར་བོད་མི་མིང་ལ་རང་ས་དང་རིག་གནས་ལ་བདག་སྤྲོད་བྱེད་པའི་ཁེ་དབང་ཡོད་མེད་དང་།ཁ་བཤད་དོན་ལ་མི་གནས་པའི་སྲིད་ཇུས་ཀྱི་ངོ་གདོང་། ད་དུང་འཛམ་གླིང་ཡུལ་གྲུར་མང་པོ་ཞིག་ཏུ་འཐབ་རྩོད་ལ་བརྟེན་ནས་ཁེ་དབང་མང་པོ་ཞིག་ཐོབ་པར་རིག་ནས་ལས་འགུལ་རྣམ་པ་གསར་པ་དེ་དག་བྱུང་བ་རེད། དེ་ཡང་ཡིན་ཏེ་དེང་གི་འཛམ་གླིང་མི་ཚོས་རྣམ་པ་གསར་པ་དང་སྦིར་སྒྲ་ཆེན་པོ་ཅན་ལ་དོ་སྣང་སྤྲོད་ཀྱི་ཡོད་པས་རེད་ལ། རྣམ་པ་གསར་པ་དང་སྦིར་སྒྲ་ཆེན་པོར་བདག་སྤྲོད་བྱེད་མཁན་མང་པོ་ཞིག་བྱུང་ནས་མཐའ་མར་འཐབ་རྩོད་རྣམ་པ་རྒྱལ་མཁན་མང་པོ་འབྱུང་བཞིན་མཐོང་བས་ཀྱང་རེད།
དེས་ན་བློས་བཏང་ཟིན་རྗེས་ལས་འགུལ་ཅི་འདྲ་སྤེལ་པར་དཀའ་ངལ་གཏན་ནས་མེད་པས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་དུང་ཡང་བོད་ཀྱི་གནད་དོན་ལ་བདག་སྤྲོད་མ་བྱེད་ཚེ་ཞི་བའི་ལས་འགུལ་ནུས་པ་མེད་པ་དང་གྲུབ་འབྲས་མེད་པའི་ཚོར་སྣང་བྱུང་ནས་ཞི་བའི་ལས་འགུལ་གྱི་ཨང་རིམ་ཐ་མར་སླེབས་པ་ལྟ་བུའི་རང་སྲེག་གི་ལས་འགུལ་ནས་ད་དུང་ཡང་ལས་འགུལ་གོམ་ཁ་གཞན་དུ་བསྒྱུར་མི་སྲིད་མིན་ནོ།
 མདོར་ན་འཚོ་བ་ལས་འཆི་ན་འདེམས་ཁ་ཡག་པའི་གནས་སུ་སླེབས་གྱར་ནས་བློས་བཏང་གི་ལས་འགུལ་དེ་དག་བྱུང་བས་རྒྱ་གཞུང་གི་སྒྲོག་ཀྱིན་པའི་ཟང་ཟིང་གི་ལས་འགུལ་གྱི་འབྱུང་རྩ་ཡང་རྒྱ་གཞུང་རང་ཉིད་ཡིན།ད་ལྟའི་ཆར་༧གོང་ས་མཆོག་གི་བཀའ་བཏགས་ཀྱི་ཕྱག་རྒྱའི་འོག་ཏུ་ཡིག་ཆ་སྦྱར་འགྲེམས་བྱས་པ་ནས་བཟུང་རང་སྲེག་ངོ་རྒོལ་བར་བྱུང་ཟིན་པའི་ལས་འགུལ་ཚང་མ་ཞི་བའི་ལས་འགུལ་གྱི་ངོ་བོ་ལས་མ་འདས་པར་གནས་ཡོད་མོད།ད་དུང་རྒྱལ་ཚོགས་ཀྱི་བོད་ཀྱི་གནད་དོན་ལ་བདག་སྤྲོད་མ་བྱས་པ་དང་།རྒྱ་གཞུང་གིས་བཙིར་གནོན་ལ་ཚོད་མ་འཛིན་མ་བྱས་ཚེ་ཞི་བའི་ལས་འགུལ་གྱི་རྣམ་པ་ལས་བརྒལ་ནས་འཐབ་འཁྲུག་གི་ལས་འགུལ་དུ་གྱུར་སྲིད།དུས་དེར་བོད་པ་ཙམ་མ་ཟད་རྒྱ་ནག་ལ་ཡང་བརྟན་ལྷིང་མེད་པའི་གྱོང་གུད་ཆེན་པོ་ཞིག་ཐེབས་པ་ཡིན་ངེས་ཡིན།


0 བསམ་ཚུལ་འདོན་པ།: