འབའ་པ་སྐལ་བཟང་འཕྲིན་ལས།

འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།
ཟླ་རེའི་ཡིག་ཚགས།

སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།

༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

བདེ་སྐྱིད་ཟེར་བ་དེ་འདི་རེད།

ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།

ཟིན་བྲིས་ཡིག་ཚགས།

སྒེར་གྱི་རྒྱུ་ཆ།

༄༅།། འབའ་ཐང་གི་འགྱུར་ཁུག
འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
View my complete profile
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.

དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
Tuesday, October 23, 2012

                  
   ཚུལ་ཁྲིམས་ཀྱི་འགྲུལ་བཞུད།
                                                                འབའ་པ་སྐལ་བཟང་འཕྲིན་ལས།  

                                     གཅིག།

ཟང་ཟིང་ཆེ་བའི་མི་ཚོགས་ཀྱི་འཁྲུག་ཆ་དང་རླངས་འཁོར་སོགས་ཀྱི་སྐད་སྒྲའི་ཁྲོད་ཚུལ་ཁྲིམས་ཀྱི་གདོང་ལ་སུན་སྣང་མངོན་གསལ་ཞིག་གྱོན་ནས་མི་ཚོགས་གསེབ་ཁུག་མ་ཆེན་པོ་ཞིག་སྒལ་པར་འཁྱེར་ཏེ་འགྲོ་བཞིན་འདུག ཚུལ་ཁྲིམས་ནི་ད་བར་དགོན་པ་ཁོ་ནར་བཞུགས་ནས་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གྱི་དུས་འདའ་བ་ལས་གྲོང་དང་གྲོང་ཁྱེར་ཉུལ་བའི་བྱང་ཆ་གཏན་ནས་མེད། ཁོ་ད་ཐེངས་ཕྱི་ལ་ཐོན་དགོས་པ་དེ་ཡང་གཞན་ཅི་ཡང་མ་ཡིན་པར་དྷ་སར་བསྙེན་རྫོགས་སྒྲུབ་པའི་སླད་དུ་རེད།ཁོས་ལོ་གཅིག་གི་སྔོན་ནས་ངོ་ཤེས་ཤིག་ལ་མངགས་བཅོལ་བྱས་པ་བཞིན་སྐུ་སྒེར་ཡིག་ཚང་དུ་བསྙེན་རྫོགས་སྒྲུབ་འཐུས་པའི་ལན་དེ་གློ་བུར་འཐོལ་རྒྱག་ཏུ་འབྱོར་སྟེ་བསྐྱོད་དགོས་བྱུང་ཞིང་།ད་ཐེངས་གློ་བུར་དུ་འགྲུལ་བསྐྱོད་འདིའི་ཁྲོད་མུ་གེའི་གང་ལ་ཟླ་ལྷག་གི་དཔེ་ལྟར་ཚུལ་ཁྲིམས་ཀྱིས་རྒྱ་གར་སྐད་སོགས་གང་ཡང་མི་ཤེས་ཁར་ད་དུང་ལམ་རོགས་སུ་གཅིག་ཀྱང་མ་རག དེའི་དབང་གིས་ཁོའི་བློ་གཏན་ནས་བག་མ་ཕེབས་ཤིང་བོད་མི་སུ་ཐུག་ལ་ཁྱེད་ལྡི་ལིར་འགྲོ་མཁན་ཡིན་ནམ། ཟེར་ནས་དྲིས་ཀྱང་ལྡི་ལིར་འགྲོ་ཡིན་ཟེར་མཁན་སུ་ཡང་མ་ཐུག
དུས་ཚོད་རིམ་བཞིན་སོང་བ་དང་ཁོས་མེ་འཁོར་འཛིན་བྱང་གི་ཕྱི་ངོས་ན་བོད་པའི་འགྲིམ་འགྲུལ་ཁང་གིས་བྲིས་པའི་བོད་ཡིག་ཐོག་ཆུ་ཚོད་༤. ༡༥ཐོག་མེ་འཁོར་ཐོན་རྒྱུ་རེད་ཟེར་བའི་ཡི་གེ་དག་ལ་ཡང་ཡང་ལྟ་བཞིན་སེམས་ནང་སྨྲ་མི་ཤེས་པའི་འཚུབ་ཆ་ཞིག་ལངས།  དེ་ནས་ཁོང་ལ་ལམ་རོགས་མ་རག་ཐག་ཆོད་ནས་གྲྭ་ཚང་གཅིག་པའི་གྲྭ་བ་ཞིག་གི་རོགས་རམ་འོག་མེ་འཁོར་བབ་ཚུགས་ཀྱི་སྒོ་ཁ་བར་བསྐྱལ།སྐྱེལ་མཁན་གྲྭ་བ་དེ་ལས་བྲེལ་དབང་གིས་ལྡི་ལིར་འགྲོ་མཁན་མེ་འཁོར་ལྕགས་ལམ་གང་ལ་འཁེལ་མིན་མཛུབ་མོས་རི་སྟོན་བྱེད་བཞིན་ཕྱིར་ལོག་དགོས་བྱུང་། སྤྱིར་རྒྱ་གར་གྱི་མེ་འཁོར་བབ་ཚུགས་གཞན་དང་བསྡུར་ན་ཧུབ་ལིབ་མེ་འཁོར་བབ་ཚུགས་ཅུང་ཆུང་གྲས་ཀྱི་བབ་ཚུགས་ཤིག་ཡིན་མོད།ཚུལ་ཁྲིམས་ལ་མཚོན་ན་མི་ཚོགས་ཧ་ཅང་ཆེ་ཞིང་བག་མེད་དུ་སྐད་བརྒྱབ་པ་དང་འཚང་ཁ་སོགས་ཀྱིས་རྐྱེན་པས་མགོ་མཇུག་མེད་པའི་འཇིག་རྟེནཆེན་པོ་ཞིག་ཏུ་སླེབས་པའི་སྣང་བ་སྐྱེས། དེ་ནས་ཁོ་ལྕགས་ཀྱི་རྐུབ་སྟེགས་ཤིག་གི་ཐོག་བསྡད་དེ་ལག་མགོའི་ཆུ་ཚོད་ལ་ཡང་ཡང་ལྟ་བཞིན་སེམས་ནང་རྔམས་འཚབ་དེ་བས་ཆེ་རུ་ཕྱིན།

འགྲུལ་པ་ཚོ། གྲ་སྒྲིག་གནང་རོགས། ཆུ་ཚོད་ཕྱེད་ཀའི་རྗེས་ལ་ལྡི་ལིར་ཕེབས་མཁན་གྱི་མེ་འཁོར་ཐོན་འོང་གི་རེད། རྒྱང་གྲགས་ལས་ཡང་ཡང་གྲགས་སོང་། འགྲུལ་པ་ཚོས་ཅ་ལག་བསྡུ་གསོག་རྒྱག་པའི་བྲེལ་ཟིང་ཞིག་ཡང་བསྐྱར་ལངས་སོང་། ཚུལ་ཁྲིམས་ཀྱིས་ད་མེ་འཁོར་སླེབས་པ་ཡིན་ནམ་སྙམ་ནས་རང་གི་ཁུག་མ་ཕྲག་པར་བསྐོན་ཏེ་ཡར་ལངས་ནས་འགྲོ་གྲབས་བྱས། འོན་ཀྱང་མེ་འཁོར་ཡོང་མཁན་གཏན་ནས་མི་འདུག་པས་སེམས་ནང་ཅི་ཡིན་སྙམ་བཞིན་དོགས་སྣང་དང་འཚུབ་ཆ་སྣ་ཚོགས་སྐྱེས། ཡང་བསྐྱར་དྲི་ས་ཨེ་རག་བསམ་ནས་ལྕགས་ནག་གི་རྐུབ་སྟེགས་རིང་པོའི་ཐོག་ཏུ་གྲལ་བསྟར་པའི་འགྲུལ་པ་ཚོར་མིག་གཤེར་ཇི་ལྟར་བྱས་ཀྱང་བོད་མིའི་ངོ་གདོང་ཙམ་ཡང་མཐོང་རེ་བྲལ། 
སྐབས་དེར་ཏག་ཏག་ཕར་ངོས་སྒོ་ཆེན་མཚམས་ནས་ལོ་ན་སུམ་ཅུ་ཡས་མས་ཡིན་ཚོད་ཀྱི་བོད་པའི་ཨ་ཅག་ཞིག་བྲེལ་འཚུབ་ངང་ནས་འཐེན་སྒམ་ཞིག་དྲུད་བཞིན་སླེབས་སོང་། ཚུལ་ཁྲིམས་ཀྱིས་ད་ནས་འགྲོ་རོགས་རྙེད་སོང་སྙམ་ནསདགའ་བ་ཚད་མེད་སྐྱེས་ཏེ་ཚམ་ཚོམ་མེད་པར ཨ་ཅག་ ཨ་ཅག་་་ ཁྱེད་ལྡི་ལིར་འགྲོ་མཁན་ཡིན་ནམ ལྡི་ལིར་་་’’ཤུགས་གང་ཡོད་ཀྱིས་བོས། གཡས་གཡོན་གྱི་རྒྱ་གར་བ་ཁ་ཤས་ཧོན་འཐོར་ནས་ཁོ་ཡི་ངོ་ལ་ཅེར་འདུག ཁ་ཤས་ཀྱིས་ལག་པ་ཐོད་པར་གཏུགས་ནས་ཅི་ཞིག་གླེང་གི་འདུག   ཨ་ཅག་དེས་ཀྱང་འཛུལ་ཆུང་མངོན་བཞིན་ཡིན་པའི་བརྡ་ལ་མགོ་ལྕོག་ལྕོག་ལྡེམ་བཞིན་ཁུ་མུར་མུར་གྱི་ཅི་ཞིག་གི་ལན་འདེབས་བྱས་སོང་།
                                                  གཉིས།
ཏུང་ ཏུང་་  དུང་སྒྲ་རིང་པོ་ཞིག་གྲགས་པ་དང་ལྷན་དུ་དུ་བ་ནག་པོ་ཞིག་འཕྱུར་བཞིན་སྦྲུལ་འཕྲེད་ཉལ་བྱས་པ་ལྟ་བུའི་མེ་འཁོར་དེ་ཐོན་སོང་།ཁང་བརྩེགས་དང་ཤིང་སྡོང་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱི་ཕར་ཕར་བཞག་ནས་བཞུར་སོང་། རི་བོ་དང་ཐང་སྟོང་དུ་མ་ཞིག་ཇེ་ཉེ་དང་ཇེ་ཉེ་ཡིས་མཐར་མདུན་མིག་སྔུན་ནས་རྒྱབ་ཏུ་གཡུག་ཐལ།སྐུ་ཞབས་ཚུལ་ཁྲིམས་སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་དག་ལ་མིག་ཟུང་ཅེར་བཞིན་སེམས་ནང་ད་རིང་དཀོན་མཆོག་གི་བཀའ་དྲིན་ལས་འགྲུལ་རོགས་བོད་པའི་ཨ་ཅག་ཞིག་དང་ཕྲད་པ་མ་ཟད། འཁོར་སྒམ་དང་རྐུབ་སྟེགས་ཀྱང་གཅིག་པ་ཡིན་པ་དེ་བས་ཀྱང་བཟང་སྙམ་བཞིན་གདོང་ལ་རྒྱལ་ཁའི་འཛུལ་ཆུང་ཞིག་མངོན་འདུག
ཇ་ཡེ ཇ་ཡེ་”(གསོལ་ཇ། གསོལ་ཇ།)  ཁ་རྣག་ཁྭ་ཡེ” “ཁ་རྣག་ཁ་ཡེ”(ཞལ་ལག་མཆོད་ཀྱི་ཡིན་ནམ།ཞལ་ལག་མཆོད་ཀྱི་ཡིན་ནམ།) འཚང་ཁ་ཅུང་ཆེ་བའི་བབས་ཚུགས་ཤིག་ནང་མེ་འཁོར་བཀག་སོང་། ཨ་ཅག་དེ་ལམ་སེང་ཕྱིར་ཐོན་ནས་ཆུ་མངར་མོ་དེམ་བུ་ཞིག་དང་ད་དུང་ཤིང་ཏོག་མངར་ཟས་ཆག་པ་གཅིག་ཁྱེར་ནས་ཡར་འཛུལ་བྱུང་། གདོང་ལ་འཛུམ་ཞིག་མངོན་ཞོར་སྐུ་ཞབས་ལགས མཆོད་དང་མཆོད་ ཟེར། ཚུལ་ཁྲིམས་ཀྱིས་མིན་ག་ཚོད་ཟེར་ནའང་ཨུ་ཚུགས་མཐའ་སྐྱེལ་གྱི་ཚུར་སྤྲད་སོང་བས་མ་ལེན་ཀ་མེད་ལྟ་བུ་གྱུར། དེ་ནས་ཚུལ་ཁྲིམས་ཀྱི་སེམས་ནང་ངོ་མ་ཨ་ཅག་དེ་སེམས་པ་བཟང་པོ་ཞིག་དའ་སྙམ་བཞིན་སྐད་ཆ་བཤད་འགོ་བརྩམས། ཨ་ཅག་ཁྱེད་གཞིས་གྲོང་གང་ནས་ཡིན་ཞེས་དྲིས།
ང་གཞིས་གྲོང་གསུམ་པ་ནས་ཡིན། རྟེན་གསུམ་ཟངས་བཟོ་ཚོང་ཁང་གི་ཡིན་ཞེས་ལན་བཏབ།
 ཚུལ་ཁྲིམས་ཀྱིས་ལག་པ་གཡོན་པས་ཕྲེང་བ་འདྲེན་ཞོར་སྐབས་རེར་ཁ་མུར་མུར་གྱི་ཅི་ཞིག་འདོན་པ་དང་།ཕྱོགས་གཅིག་ནས་སྐད་ཆ་སྣ་ཚོགས་གླེང་གིན་ཁོ་གཉིས་ངོ་ཤེས་རྙིང་པ་ལྟ་བུ་གྱུར།
མེ་འཁོར་གྱི་དུང་སྒྲ་ནི་རྒྱུན་མི་ཆད་ཅིང་ཡར་འཛུལ་མར་བབ་ཀྱི་འགྲུལ་པ་ཡང་དེ་བས་ཀྱང་རྒྱུན་མི་ཆད། ཚུལ་ཁྲིམས་དང་སྒྲོལ་མ་གཉིས་གཏམ་སྣ་ཚོགས་ཀྱི་ཀློང་དུ་ཞུགས་ནས་འདུ་འཛི་ཆེན་པོ་དེས་གཏན་ནས་གླགས་མི་རྙེད་པ་དང་མཚུངས།
ཨ་ཅག་དེ་རིང་ཇ་རིན་ངས་སྤྲོད་ཆོག  ང་ཡིན  མིན་མིན སྐུ་ཞབས་ལགས ངས་སྤྲོད་ཚར ད་ཅིག་པ་རེད།བས་ཚུགས་རེ་རེའི་ནང་སླེབས་དུས་སྐད་ཆ་དེ་འདྲ་ཞིག་འོངས་བ་ནི་རྒྱུན་ལྡན་ལྟ་བུ་གྱུར་འདུག
 ཚུལ་ཁྲིམས་ཀྱིས་ཨ་ཅག ཨ་ཅག་ཟེར་ནས་མང་པོ་འབོད་ཀྱིན་པར་བརྟེན་སྒྲོལ་མས་འཛུམ་བཞིན་ཀུ་རེ་དང་བཅས་འོ་ཛི་སྐུ་ཞབས་ལགས།ང་ལ་ཨ་ཅག་ཟེར་ནས་མ་འབོད་དང་། ད་ལྟ་གཞི་ནས་མོ་ལོ་སོ་གསུམ་ཡིན་ལ། ཆང་ས་ཡང་བརྒྱབ་ཚར་མེད་ད་ཟེར། ཚུལ་ཁྲིམས་ཀྱིསབུ་མོ་དང་ཨ་ཅག་གཉིས་དོན་དག་གཅིག་པ་མ་རེད་དམ་ཧཧཧ་གཉིས་ཀ་གད་མོ་ཤོར།
ཨ་ཅག་སྒྲོལ་མ་ནི་ཁ་སང་ཞིང་འདྲིས་བདེ་བ་དང་། དབྱིན་སྐད་དང་རྒྱ་གར་སྐད་གཉིས་ཀ་ཆུ་རྒྱུག་རྒྱུག་རེད་འདུག  ད་དུང་བོད་ཡིག་གི་འབྲི་ཀློག་ཀྱང་གང་འཚམས་ཡག་པོ་འདུག་ཅིང་། ཁོ་མོས་བཤད་པ་ལྟར་ན་འཛིན་གྲྭ་བཅུ་གཉིས་དབར་སློབ་གྲྭར་འགྲིམས་རྗེས་ཕ་མའི་ལས་རོགས་ཆེད་སློབ་གྲྭ་ནས་ཕྱིར་ཐོན་ཏེ་ཚོང་ཁང་ནང་ལས་ཀ་གཉེར་བཞིན་ཡོད་ཟེར།  ཚུལ་ཁྲིམས་ཀྱིས་ཀྱང་རང་ཉིད་ལོ་དགུ་ནས་རབ་ཏུ་བྱུང་ཏེ་དགོན་པར་ཞུགས། དེ་ནས་རྒྱ་གར་དུ་བཙན་བྱོལ་ཡོང་ཏེ་དཔེ་ཆ་ཁོ་ནར་བལྟས་ནས་བསྡད་པ་ལས་བོད་ནས་ཚུར་སླེབས་ནས་བཟུང་ད་ཐེངས་ཐག་རིང་གི་འགྲུལ་བཞུད་བྱས་པ་ཐེངས་དང་པོ་ཡིན་ཟེར། སྒྲོལ་མའི་མིག་ནང་སྐུ་ཞབས་ཚུལ་ཁྲིམས་ནི་དེང་རབས་ཀྱི་སློབ་སྦྱོང་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་སོགས་གང་ཡང་མི་ཤེས་ཀྱང་།རང་གཤིས་ལྷད་མེད་ཅིང་སྐད་ཆ་གང་བཤད་ཀྱང་བདེན་པ་བདེན་ཐུག་དང་།མིག་ཟུང་ན་བཅོས་མིན་གྱི་བཀྲག་མདངས་ཤིག་མངོན་འདུག་པས་རོགས་ཕན་གང་ཐུབ་བྱ་འདོད་དེ་བས་ཀྱང་སྐྱེས།           
                                  གསུམ།
ཉིན་མཚན་ལྟོས་མེད་དུ་རྟ་བརྒྱ་ཐག་པ་གཅིག་ལ་བརྒྱུད་པ་ལྟ་བུའི་མེ་འཁོར་རིང་པོ་དེས་ལྡིར་སྒྲ་དེ་སྒྲག་ནས་ཉིན་མཚན་གསུམ་འགྲུལ་བཞུད་བྱས་རྗེས་སྒྲོལ་མ་དང་ཚུལ་ཁྲིམས་གཉིས་གཞི་ནས་བོད་གྲོང་མ་འཇོན་བྲེལ་ལར་(བསམ་ཡས་གླིང་ངམ། མ་ཇུ་ཀ་ཏྲི་ལ་)འབྱོར། གནས་འདིར་སླེབས་མ་ཐག་ལམ་ཟུར་ཚོང་སྡེབ་དག་ནས་ཆོས་དབྱངས་སྙན་མོ་གྲགས་པས་ཚུལ་ཁྲིམས་ཀྱི་སེམས་ནང་ལྷ་སའི་བར་སྐོར་དུ་སླེབས་པ་ལྟ་བུའི་ཚོར་སྣང་ངང་གི་སྟེར།  ཡུལ་ལུང་འདི་གུ་དོགས་ཅིང་རྒྱལ་ཕྱི་ནང་གི་བོད་མི་ཚུར་ཡོང་ཕར་འགྲོའི་མི་ཡོད་སྣ་རྒུ་འཛོམས་ས་ཡིན་པས་ནམ་རྒྱུན་ནས་ཟ་ཁང་དང་མགྲོན་ཁང་ནང་འཚང་ཁ་ཡོད་ཡོད་ཡིན།  ཚུལ་ཁྲིམས་དང་སྒྲོལ་མ་གཉིས་ཀྱང་སླེབས་མ་ཐག་ཇ་ཞིག་ཀྱང་མ་འཐུང་པར་ཅ་ལག་དག་ཟ་ཁང་ཞིག་ཏུ་བཅོལ་ནས་མགྲོན་ཁང་འཚོལ་དུ་སོང་། མགྲོན་ཁང་ཨེ་ཡོད། མགྲོན་ཁང་ཨེ་ཡོད་ཟེར་ནས་རྒྱུག་རྒྱུག་གིས་ཉིན་གུང་ཆུ་ཚོད་བཅུ་གཅིག་མཚམས་གཞི་ནས་མགྲོན་ཁང་ཁང་མིག་གཅིག་རག་བྱུང་། སྒྲོལ་མས་སྐུ་ཞབས་ལགས། མགྲོན་ཁང་དེར་ཁྱེད་རང་ཞུགས། ང་ཁང་པ་གཞན་པ་ཞིག་འཚོལ་འགྲོ་གི་ཡིན་ཟེར། ཚུལ་ཁྲིམས་ཀྱིས་ཁྱེད་རང་དེར་སྡོད་དང་། ངས་གཞན་པ་ཞིག་ཨེ་རག་བལྟ་ཡོང་ཞེས་ག་ཚོད་བཤད་ཀྱང་སྒྲོལ་མས་སྐུ་ཞབས་ཁྱེད་རང་ས་ཆ་འདིར་རྒྱུས་མངའ་མེད་པས་མགྲོན་ཁང་ལས་སླ་བོ་རག་གི་མ་རེད་ཟེར་བཞིན་ཉན་འཇོག་གཏན་ནས་བྱས།
      དེ་ནས་སྒྲོལ་མས་ཚུལ་ཁྲིམས་ཀྱི་ཅ་ལག་རྣམས་ཚུར་བླངས་ཏེ་མགྲོན་ཁང་དུ་བཞག་རོགས་བྱས་རྗེས་ངལ་གསོ་ཙམ་ཡང་མ་བྱས་པར་སྐུ་ཞབས་ལགས་བཞུགས་ཨ་ལབ་ནས་ཕྱིན་སོང་། གོམ་པ་ཁ་ཤས་སོང་མཚམས་ཁོ་མོ་ལམ་སེང་ཁ་ཕྱིར་འཁོར་ནས་སྐུ་ཞབས་ལགས། ངའི་ཁ་པར་ཨང་གྲངས་དེ་ཡིན། ཁྱེད་རང་གི་དྷ་སར་འགྲོ་བའི་རླངས་འཁོར་ལག་ཁྱེར་ངས་རོགས་པ་བྱ་ཆོག ད་དུང་རོགས་པ་ག་རེ་དགོས་ན་ཁ་པར་ཐོངས་ཤོག་ཅེས་ཟེར་ནས་ཤོག་ཆུང་ཞིག་ཚུལ་ཁྲིམས་ཀྱི་ལག་ཏུ་བཞག་སོང་།ཚུལ་ཁྲིམས་ཀྱིས་ང་གཉིས་ལྷན་དུ་ཁ་ལག་ཞིག་ཟ་རྗེས་འགྲོ་ཆོག་གི་རེད་ཟེར་ནས་ཨུ་ཚུགས་ག་ཚོད་བྱས་ཀྱང་མགོ་བོ་འཕྲེད་དུ་གཡུག་བཞིན་མིན་མིན་ཟེར་ཞོར་སྒོ་ཁྲོག་ཟེར་བརྒྱབས་ནས་ཕྱིན་སོང་།
ད་ནི་སྐུ་ཞབས་ཚུལ་ཁྲིམས་གཞི་ནས་ལུས་སེམས་གཉིས་ཀ་ལྷིང་ལ་འཇགས་སོང་། ལྷ་ཆོས་སྐྱོང་སྲུང་མའི་བཀའ་དྲིན་ལས་ལམ་རོགས་བུ་མོ་སེམས་བཟང་ཅན་ཞིག་ཐུག་སོང་ལ། ཁོ་མོའི་རོགས་རམ་དབང་གིས་ལམ་བར་དང་མགྲོན་ཁང་འཚོལ་བ་སོགས་ལ་དཀའ་ངལ་གང་ཡང་བྱུང་མ་སོང་སྙམ་བཞིན་ལ་ཟུང་གི་ཐལ་མོ་མགོ་བོར་བཀོད་དེ་ཁ་མུར་མུར་གྱི་ཅི་ཞིག་ལ་གསོལ་འདེབས་བྱས་སོང་། ཚུལ་ཁྲིམས་ཀྱི་ཁ་པར་ལས་ ཨོཾ་མ་ཎི་པདྨེ་ཧཱུཾ  ཨོཾ་མ་ཎི་པདྨེ་ཧཱུཾ   ཞེས་པའི་ཆོས་དབྱངས་ཤིག་རིམ་པས་གྲགས་སོང་།

ཝེ་སུ་ཡིན་ནམ།” “ང་བློ་བཟང་ཡིན། ལམ་བར་དཀའ་འདྲ་ཕྲད་སོང་ངམ
 ལམ་རོགས་གྲོང་སྡེ་གསུམ་པ་ནས་ཡིན་ཟེར་བའི་ཨ་ཅག་སྒྲོལ་མ་འབོད་པ་ཞིག་རག་སོང་བས་དཀའ་ངལ་གང་ཡང་མ་བྱུང་།
གཞིས་གྲོང་གསུམ་པའི་མགར་མོ་སྒྲོལ་མ་ཡིན་ནམ། མོ་ནི་མཛེས་མ་སྐད་གྲགས་ཅན་རེད་ད། ཁྱེད་རང་ཧེ་ཧེ
ག་རེ་མགར་མོ་ཡིན་ན་ཅི་ཡིན་ན་གང་ལྟར་ལམ་རོགས་ཡག་མོ་ཞིག་རག་སོང་། ཧེ་ཧེ་ཁ་སྡིག་མ་གསོག་ཨ།
                                        
       སྨག་མུན་སྟུག་པོ་ཞིག་གིས་འཇིག་རྟེན་ངོས་ཡོངས་དབང་བསྒྱུར་བྱས་སོང་། སྲང་ལམ་དག་ན་གློག་སྒྲོན་དགཁྲ་ལྷམ་མེར་འབར་འགོ་ཚུགས་བྱུང་། དེ་ནས་ཚུལ་ཁྲིམས་ཀྱང་མགྲོན་ཁང་ཉེ་འཁྲིས་ཟ་ཁང་ཞིག་ཏུ་འཐེན་ཐུག་ཤིག་འཐུང་ནས་ཕྱི་ལོག་འཁྱམས་ཉུལ་ཙམ་ཡང་མ་བྱས་ཤར་རེ་མགྲོན་ཁང་དུ་འཛུལ།དཔེ་ཆ་སྣ་རིང་ཞིག་ཁ་ཕྱེ་ནས་ཇི་ལྟར་བཀླགས་ནའང་དྲན་པ་གཞན་ཞིག་གིས་ནམ་རྒྱུན་ལྟར་སེམས་པ་རྣལ་དུ་བབ་མ་བཅུག དེ་ནས་དཔེ་ཆ་དེ་མདུན་ལྕོག་སྟེང་དུ་ཕར་བཞག་ནས་གདན་ཁྲིའི་སྟེང་དུ་གན་རྐྱན་དུ་ཉལ་ཏེ་ཅི་ཞིག་གི་བསམ་གཞིགས་ཀློང་དུ་ཚུད་སོང་།
སྔོ་ལྗང་གི་སྤང་ཐང་དུ་མེ་ཏོག་སྣ་ཚོགས་བཀྲ་འདུག སྤང་མཐའ་ནས་ལུག་ཁྱུ་ཞིག་གློ་བུར་དུ་གཤར་སོང་། དེ་མ་ཐག་རྫི་གླུ་སྙན་མོ་ཞིག་བར་སྣང་ནས་བར་མེད་དུ་གྲགས། ཚུལ་ཁྲིམས་ཀྱིས་སུ་ཡིན་མིན་མིག་གིས་ཉུལ་པས་གློ་བུར་དུ་ལུག་ཁྱུའི་མཐའ་ནས་བུད་མེད་ན་གཞོན་མཛེས་སྡུག་ལྡན་པ་ཞིག་རྟ་ཞིག་ལ་ཞོན་ནས་སླེབས་པར་མཐོང་། དེ་ནི་གཞན་སུ་ཡང་མ་ཡིན་པར་ཨ་ཅག་སྒྲོལ་མ་རེད་། ཁོས་སྐད་ཤུགས་ཆེན་པོས་ཨ་ཅག་སྒྲོལ་མ་ལགས། ཨ་ཅག་སྒྲོལ་མ་ལགས་་་ཨ་་་་ཅག་ཅེས་འབོད་རིང་བཏང་པ་ན།དེ་མ་ཐག་ཏུ་གཉིད་ཀྱང་སད་སོང་། སྙིང་གི་འཕར་སྒྲ་ད་དུང་ཡང་མ་ཡལ།
ཐག་ཐག་ ཐག་ཐག་་་སྐབས་དེར་ཏག་ཏག་མི་ཞིག་གིས་སྒོ་རྡུང་སོང་། ཚུལ་ཁྲིམས་ཀྱིས་ལག་པས་མིག་འཕུར་ཞོར་ཅུང་ཉོབ་སྣང་དང་བཅས་སུ་ཡིན་ནམ་ཟེར་བཞིན་སྒོ་ཕྱེ་བར་སོང་། དེ་ནི་གཞན་སུ་ཡང་མ་ཡིན་པར་ཨ་ཅག་སྒྲོལ་མ་རེད་འདུག སྒྲོལ་མ་མགོ་བོ་སྨད་ཞོར་སྐྱོ་ཉམས་སྲབ་མོ་ཞིག་གདོང་ལ་མངོན་བཞིན་ནང་དུ་འཛུལ་ཏེ་སྐད་འགོ་དམའ་མོས་ངས་ཉིན་གང་མགྲོན་ཁང་བཙལ་བ་ཡིན་ཏེ།མགྲོན་ཁང་སྟོང་པ་གཏན་ནས་རག་མ་སོང་། ང་འདིར་བསྡད་ན་འགྲིག་གམ་ཟེར། ཚུལ་ཁྲིམས་ཀྱིས་ཚམ་ཚོམ་མེད་པར་འགྲིག་དང་འགྲིག སྡོད་སྡོད་ཟེར།
དེ་ནས་སྒྲོལ་མས་ཁོ་མོས་མགྲོན་ཁང་མ་རག་པའི་སྐོར་དང་། ད་དུང་ཚོང་དོན་སྐོར་སོགས་མང་པོ་ཞིག་བཤད་མཐར་སྐུ་ཞབས་ད་ཉོལ་ཟེར་བཞིན་ས་ཐོག་གདན་བསྟིངས་ཏེ་རས་དཀར་སྲབ་མོ་ཞིག་གྱོན་ནས་ཉལ་སོང་། ཉལ་ས་ནས་  སྐུ་ཞབས་ལགས་གློག་མ་གསོད་རོགས་གནང་།གློག་བསད་ན་ང་གཉིད་གཏ་ནས་ཁུག་གི་མེད་ཟེར། ཚུལ་ཁྲིམས་ནི་བུད་མེད་དང་ལྷན་ཁང་མིག་གཅིག་ཏུ་ཉལ་བ་ཐེངས་དང་པོ་ཡིན་པ་དང་དེིའི་ཁར་གློག་མ་བསད་པས་སེམས་གཏིང་ནས་ངོ་ཚ་དང་འཚེར་སྣང་གིས་གྲྭ་ཆས་སོགས་ཀྱང་མ་ཕུད་པར་ཉལ་ཆས་གྱོན་ནས་གཞོགས་གཡས་པ་གཏད་དེ་ཁ་ཕར་ལོག་ནས་ཉལ་སོང་། གཉིད་ཉལ་ནས་དུས་ཡུན་གང་འཚམས་སོང་རྗེས་རེག་བྱ་འཇམ་པོ་ཞིག་གིས་ཚུལ་ཁྲིམས་ཀྱི་ཕྲག་པར་རེག་བྱུང་བས་དེ་མ་ཐག་གཉིད་ལས་སད།ད་དུང་ངུ་མ་དགོད་ཀྱི་སྒྲ་ཡང་པོ་ཞིག་ཀྱང་རྣ་ལམ་དུ་གྲགས། སྒྲ་དེ་ཚུལ་ཁྲིམས་ཀྱི་རྣ་བར་ལྷུང་པ་ན་སེམས་གཏིང་ནས་བསྲན་མི་ཐུབ་པའི་ཚོར་སྣང་ཞིག་གིས་སྙིང་གི་འཕར་སྒྲ་རྣ་བས་ཀྱང་ཐོས་རྒྱུ་ཡོད་པར་གྱུར།  ཁོས་ཁ་ཕར་བསྐོར་ནས་བལྟས་དུས་སྨྱུག་མ་ལྟར་དྲང་པའི་གཟུགས་པོ་དང་། གླང་ཆེན་གྱི་མཆེ་བ་ལྟར་ངོམ་པའི་རྐང་ཟུང་།ཟག་མེད་ཀྱི་བདེ་བ་ཡང་སྟེར་ནུས་སྙམ་པའི་ནུ་འབུར་ཟུང་།མདོར་ན་གཟུགས་པོའི་སྟེང་གསང་གནས་ཁེབས་པའི་དོར་མ་མ་གཏོགས་གྱོན་པ་མེད་པའི་སྒྲོལ་མས་ལག་པས་རང་ཉིད་ཀྱི་ཕྲག་པར་རེག་བཞིན་པར་མཐོང་།ད་དུང་མིག་ཟུང་ལ་འོད་མདངས་འཚེར་ཞིང་གདོང་མདོག་ཀྱང་ཏོག་ཙམ་དམར་ལྷང་ཆགས་འདུག གདོང་ལ་བཅོས་མིན་གྱི་འཛུལ་ཞིག་ལངས་ནས་ཚུལ་ཁྲིམས་ཀྱི་སྐེ་ལ་ལག་ཟུང་འཆིང་ཞོར་ཚུལ་ཁྲིམསང་ཁྱེད་རང་ལ་ཧ་ཅང་སྣང་བ་འགྲོ་སོང་ཟེར། ཚུལ་ཁྲིམས་ཀྱི་སྙིང་གི་འཕར་སྒྲ་ཇེ་ཆེར་སོང་བ་དང་ལྷན་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གིས་ཁ་ནས་སྐད་ཆ་ཚིག་གཅིག་ཀྱང་མ་ཐོན་པར་རང་དབང་མེད་པར་སྒྲོལ་མར་འཐམ་སོང་། དམར་མདངས་ལྷག་པར་རྒྱས་པའི་སྒྲོལ་མའི་མཆུ་གཏོ་ལ་ཅི་ཞིག་གི་བྲོ་བ་ཡོད་པ་ལྟར་ཡང་ནས་བསྐྱར་དུ་འཇིབ། རིམ་བཞིན་དམར་སེར་གྱི་ན་བཟའ་རྣམས་གོ་རིམ་མེད་པར་གདན་ཁྲི་ཡི་ཟུར་ན་གཡུག་སོང་།གཉིས་ཀ་སྡོང་རྒན་གྱེལ་པ་ལྟར་གདན་ཁྲིའི་ཐོག་ཏུ་གྱེལ་སོང་ལ།ངུ་སྒྲ་དང་མཁུན་སྒྲ་འདྲེས་མའི་སྒྲ་དབྱངས་སྦོམ་ཕྲ་གཉིས་སྒེའུ་ཁུང་ངོས་ནས་ཕྱི་རོལ་ཏུ་མཆེད་སོང་།

                                            བཞི།
ཞོགས་པའི་ཉི་ཟེར་སེར་པོ་དེས་མ་འཇོན་བྲེལ་ལར་ཡང་བསྐྱར་འདུ་འཛི་་སྐུལ་བ་དང་སྒོ་ཀུན་ནས་མཚུངས།ཉི་འོད་འཕྲོས་མ་ཉིད་ནས་ཡར་མར་འགྲོ་མཁན་གྱི་མི་ཚོགས་དེ་དག་ཀྱང་ཡང་བསྐྱར་ཟིང་སོང་། མི་ཚོགས་ཀྱི་ཟང་ཟིང་དང་རླངས་འཁོར་གྱི་ལྡིར་སྒྲ་གཟན་པོ་དེས་ཚུལ་ཁྲིམས་གཉིད་ལས་བསླངས། ལངས་མ་ཐག་མདང་སོང་བྱུང་བའི་གནས་ཚུལ་དེ་ཡིད་ལ་འཁོར་ནས་རང་གིས་རང་ལ་ཡིད་མི་ཆེས་པའི་ཚོར་སྣང་ཞིག་སྐྱེས། ཇི་ལྟར་བསམ་གཞིགས་བྱས་ཀྱང་རྨི་ལམ་ལྟ་བུའི་བྱུང་བ་དེར་དངོས་གནས་ཡིན་མི་འདོད་པའི་ཚོར་སྣང་སྐྱེས།
གློ་བུར་དུ་ཅི་ཞིག་དྲན་པ་ལྟར་ སྒྲོལ་མ སྒྲོལ་མ་ཟེར་ནས་བོས  ག་ཚོད་བོས་ཀྱང་ཨ་ལན་སྟེར་མཁན་གཏན་ནས་མ་བྱུང་། ཁྲུ་ཁང་སོགས་གང་སར་བཙལ་ཀྱང་གྲིབ་གཟུགས་ཙམ་ཡང་མ་མཐོང་།འདི་ངོ་མ་རྨི་ལམ་ཞིག་ཡིན་ན་དགའ་བ་ལ་ཨང་བསམ་པའི་ངང་སོ་སོས་སོ་སོར་ཡིད་མ་ཆེས་པ་མགྲོན་ཁང་གི་སྒོ་ཁར་ཐོན་པ་ན། ཏག་ཏག་དེར་མགྲོན་ཁང་གི་ཞབས་ཕྱི་མ་ཞིག་གིས་རྒྱབ་ནས་སྐུ་ཞབས་ལགས སྐུ་ཞབས་ལགས་ ཞེས་བོས་བྱུང་། སྐུ་ཞབས་ཞེས་པའི་ཚིག་དེ་ལུས་ལ་ལྕགས་གཟན་གཙུགས་པ་དང་མཚུངས་ཤིང་། དོགས་མ་བདེ་བའི་སྣང་བ་དང་བཅས་ཁ་ཕྱིར་འཁོར་དུས་ཞབས་ཞུ་མ་དང་དེ་འཛུམ་དམུལ་གྱིས་ཡི་གེ་དེ་ཁྱེད་ཀྱི་རོགས་པ་ཨ་ཅག་དེས་ཁྱེད་ལ་སྤྲོད་རོགས་གསུངས་སོང་། མོ་རང་ད་ནངས་ཞོགས་པ་སྔ་མོ་ནས་ཐོན་སོང་ཟེར།ཁོ་རྟབ་རྟབ་པོར་ཉལ་ཁང་དུ་ཕྱིར་ལོག་སྟེ་ཡི་གེ་དེ་ཁ་ཕྱེ་ནས་ཀློག་འགོ་བརྩམས་།
   སྙིང་ཉེ་བའི་ཚུལ་ཁྲིམས་ལགས། ང་ཁྱེད་དང་ཐུག་པ་དེ་ནི་ལས་དབང་གིས་བཀོད་སྒྲིག་བྱས་པ་རང་རེད། ད་དུང་ཁྱེད་ཀྱི་ཆེས་ཁྱད་དུ་འཕགས་པའི་ལང་ཚོ་གསར་པ་དེ་ངས་ལོངས་སྤྱོད་རྒྱུ་རག་པ་དེ་དེ་བས་ཀྱང་འདོད་པ་འཚིམས་སོང་། ང་ལ་རྒྱུ་དང་དབང་སོགས་གང་ཡང་མི་མཁོ། ང་དེ་དག་གིས་ཕོངས་མེད། ང་ལ་དགོས་པ་ནི་ལྷད་མེད་པའི་བརྩེ་བ་དང་དྲང་པོ་དྲང་བཞག་དེ་ཡིན། ངེད་གཉིས་ཉིན་མཚན་གསུམ་མཉམ་དུ་འགྲུལ་བཞུད་བྱས་པའི་རྒྱུད་རིམ་ནང་ང་ལ་དགོས་པ་དེ་དག་ཁྱེད་ལ་ཚང་འདུག་པའི་ཚོར་སྣང་བྱུང་བས་ངས་ཐབས་དེ་སྤྱད་ནས་ཁྱེད་རང་ང་ཡི་པང་དུ་བླངས་པ་ཡིན། ཡིན་ནའང་ངས་ཁྱེད་ལ་དགོངས་སེལ་ཞུ་རྒྱུ་ཞིག་ལ་ང་ནི་ལས་དམན་པས་མགར་བ་ཚང་གི་བུ་མོ་ཡིན། འོན་ཀྱང་ངས་ཁྱེད་ལ་བཅངས་པའི་རྣམ་དག་གི་བརྩེ་བ་དེ་ནམ་ཡང་འགྱུར་མི་སྲིད། ང་བལ་ཡུལ་དུ་ཨ་ཕའི་མགར་ཆས་ཁ་ཤས་ཉོ་བར་འགྲོ་དགོས་པས་ཚུར་མ་འཁོར་བར་ཁྱེད་ཀྱིས་སྒུག་རོགས། ང་ད་ནངས་ཞོགས་པ་ཐོན་ཁར་ཁྱེད་རང་གཉིད་སྐྱིད་པོ་ཞིག་ཁུག་འདུག་པས་ངས་དཀྲོག་མ་ནུས་པར་ཡི་གེ་བཞག་པ་ཡིན།ཁྱེད་ཀྱི་སྒྲོལ་མ་ནས།མཚམས་དེར་ཏག་ཏག་ཁ་པར་གྱི་སྒྲ་གྲགས་སོང་།
ཝེ་ཚུལ་ཁྲིམསང་ཡིན། ཁྱེད་ཀྱིས་ཉིན་གསུམ་རིང་དེར་སྒུག་དང་ང་ཚུར་མགྱོགས་པོ་འཁོར་ཡོང་།
 ཚུལ་ཁྲིམས་ལ་འདེམས་ཁ་གཞན་མེད་སྟབས་ངག་འདར་ཞོར་   ཨུན་ཨུན་ཟེར་ཞོར་ཁ་པར་བཞག་སོང་།
ཚུལ་ཁྲིམས་ཀྱིས་ལག་པ་གཡས་པས་འགྲམ་པར་སྐྱོར་བཞིན་ནོང་འགྱོད་ཆེན་པོ་ཞིག་སྐྱེས་ནས་གདོང་ལ་མིག་ཆུ་ཕྲེང་ཐག་ཆད་པ་བཞིན་བཞུར་སོང་།
འོན་ཀྱང་བལ་ཡུལ་ཕྱོགས་སུ་བསྐྱོད་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་སྒེའུ་ཁུང་གི་འགྲམ་ན་གདོང་ལ་བསྲན་མི་ཚུགས་པའི་རྒྱལ་ཁའི་འཛུམ་མདངས་ཤིག་མངོན་བཞིན་རླུང་བུས་སྐྲ་ལོ་དལ་བུ་བསྐྱོད་པའི་གཞོན་ནུ་མ་དར་ལ་བབ་པ་ཞིག་བསྡད་འདུག དེ་ནི་གཞན་སུ་ཡང་མ་ཡིན་པ་ཨ་ཅག་སྒྲོལ་མ་རེད། ཁོ་མོས་འདས་དོན་ཞིག་ཕྱིར་དྲན་བྱེད་ཞོར་གདོང་ལ་འཛུམ་ཆུང་ཡང་ནས་ཡང་དུ་མངོན་བཞིན་རླངས་འཁོར་གྱི་ལྡིར་སྒྲའི་ཁྲོད་རྒྱང་རིང་གི་རྒྱང་རིང་ནས་མཐར་སྨག་མཐར་ཡལ་སོང་།

0 བསམ་ཚུལ་འདོན་པ།: