འབའ་པ་སྐལ་བཟང་འཕྲིན་ལས།

འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།
ཟླ་རེའི་ཡིག་ཚགས།

སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།

༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

བདེ་སྐྱིད་ཟེར་བ་དེ་འདི་རེད།

ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།

ཟིན་བྲིས་ཡིག་ཚགས།

སྒེར་གྱི་རྒྱུ་ཆ།

༄༅།། འབའ་ཐང་གི་འགྱུར་ཁུག
འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
View my complete profile
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.

དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
Friday, October 12, 2012


           ཟམ་གདོང་སྤྲུལ་སྐུ་མཆོག་གི་མཛད་རྣམ།

ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་དང་པོ་དགེ་བཤེས་འཕགས་པ་རབ་དགའ་མཆོག་ནི་༧རྒྱལ་མཆོག་སྐུ་ཕྲེང་བདུན་པའི་སྐབས་སུ་ཁམས་འཇོལ་པའི་ཡུལ་དུ་དགོན་གསུམ་མཁན་པོར་བཀོད་འདུག  མཁན་པོའི་རིང་བསླབ་ཁྲིམས་དང་མང་ཚོགས་ལ་ཕན་ཐོགས་ཧ་ཅང་ཡག་པོ་བསྒྲུབས་པར་བརྟེན་མཁན་པོའི་ཁྲི་ལས་ཟུར་རྗེས་སུ་བདེ་ཆེན་གླིང་དགོན་པས་རེ་སྐུལ་ལྟར་ཁོ་ཚོའི་བླ་སྐལ་དུ་བཞུགས་ནས་བསྟན་འགྲོའི་དོན་དུ་མཛད་པ་མཐའ་འཁྱོངས་གནང་།
ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་བསྟན་པའི་ཉི་མ་མཆོག་ནི་ཁམས་འཇོལ་བ་ལྡིང་མདའ་ཟམ་གདོང་ཚང་དུ་སྐུ་འཁྲུངས།
སྐུ་གོང་མ་ཞིང་དུ་གཤེགས་རྗེས་ཡང་སྲིད་འཚོལ་དགོས་མིན་ཐད་གྲོས་བསྡུར་བྱས་ནས་ཡང་སྲིད་འཚོལ་མི་དགོས་རྒྱུའི་མཐའ་གཅོད་བྱས་ཀྱང་།ཆུང་དུས་སྨྲ་བརྗོད་ཐུབ་ཙམ་ནས་ང་འདིར་སྡོད་ཀྱི་མིན།བདེ་ཆེན་གླིང་གི་བདག་པོ་ཡིན་ཞེས་ཡང་ཡང་གསུངས་ཀྱི་ཡོད།ཉིན་ཞིག་ཕ་མ་དང་ལྷན་ཁ་བ་དཀར་པོ་མཇལ་བཅར་སྐབས་དགའ་ལྡན་གླིང་དུ་ཕེབས་ནས་དེར་ཡོད་གྲྭ་བ་ཚོ་ངོ་ཤེས་པ་སོགས་སྔོན་གནས་རྗེས་དྲན་གྱི་རྟགས་དང་མཚན་མ་མང་པོ་བྱུང་བར་བརྟེན་དགོན་གསུམ་མཁན་པོའི་ཡང་སྲིད་དུ་ངོས་འཛིན་བྱས། སྐུ་ཕྲེང་དེ་ནས་བཟུང་ཟམ་གདོང་བླ་མ་ཞེས་པའི་མཚན་དེ་ཆགས།
ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བསྟན་པའི་རྒྱལ་མཚན་ཡང་ཟམ་གདོང་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས་ནས་སྔར་་བཞིན་དགོན་བདག་མཛད་དེ་བསྟན་འགྲོའི་དོན་དུ་མཛད་པ་རླབས་ཆེན་གནང་མཐར་ཞིང་ཁམས་གཞན་དུ་གཤེགས་སོ།
ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་འཕགས་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་ཁམས་རྒྱལ་ཐང་རོང་པ་ཞེས་པའི་ཡུལ་དུ་སྐུ་འཁྲུངས།སྔོན་བཞིན་བསླབ་གཉེར་གནང་ནས་བསྟན་འགྲོའི་མཛད་པ་གནང་མཐར་ཞིང་དུ་གཤེགས།
 

ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེན་མཆོག་་ཕྱི་ལོ་༡༩༣༩ལོའ་ཟླ་༡༡ཚེ་༥ཉིན་མདོ་ཁམས་འཇོལ་ནགས་འབྲུག་ཏུ་ཡབ་མགོན་པོ་བསོད་ནམས་དང་།ཡུམ་པདྨ་མཁའ་འགྲོ་གཉིས་ཀྱི་རིགས་ཀྱི་སྲས་སུ་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས།སྐུ་ན་ཕྲ་བའི་དུས་ཉིད་ནས་བྱིས་པ་ཐ་མལ་པའི་ངང་ཚུལ་ལས་འདས་པའི་སྐུའི་རྣམ་འགྱུར་དང་།གསུང་གི་བརྗོད་པ།
ཐུགས་ཀྱི་ཁྱེར་སོ་ཐད་ནས་སྐྱེས་བུ་དམ་པའི་རང་རྟགས་མངོན་གསལ་ཅན་རང་ཆས་སུ་ཡོད།རང་ལོ་གཉིས་གསུམ་སྐབས་ནས་ཁོང་གི་ཞང་པོ་གྲྭ་བ་བགྲེས་པོ་ཞིག་ཡོད་པ་དེ་ཁྱིམ་དུ་ནམ་ཕེབས་ལ་རིན་པོ་ཆེ་ནས་དགོན་པར་འགྲོ་གིན་ཡིན་ཡང་ཡང་གསུངས་ཀྱི་ཡོད་པ་ལྟར་དགུང་ལོ་བཞི་མཚམས་ཕ་མས་ཀྱང་ཞང་པོ་དང་ལྷན་དུ་གདོལ་པོའི་དགོན་པར་མངགས་བཏང་གནང་།དགུང་ལོ་ལྔརཉེ་བར་ཕེབས་སྐབས་ཟམ་གདོང་མཆོག་སྤྲུལ་སྐུ་ཕྲེང་བཞི་པའི་སྐྱེ་སྤྲུལ་དུ་ངོས་འཛིན་དང་འབྲེལ་འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་ཁྲི་འདོན་དང་ཆོས་ཞུགས་མཛད་ནས་རྒན་སྒྲེ་དབྱངས་མཆོག་གི་དྲུང་དུ་སྒྲ་དང་སྙན་ངག་སོགས་ཞིབ་ཏུ་སྦྱངས་ཏེ་སྒྲ་སྙན་ངག་ལ་ཧ་ཅང་གི་མཁས་པར་གྱུར།ད་དུང་རྒྱན་འཇུག་གཉིས་སོགས་གཞུང་ཆེན་ཐུགས་འཛིན་གནང་།དགུང་ལོ་བདུན་ལ་ཕེབས་སྐབས་༸སྐྱབས་རྗེ་ཟངས་འབུམ་རྡོ་རྗེ་འཆང་ཆེན་པོ་ལས་བར་མ་རབ་བྱུང་དང་།དགེ་ཚུལ་གྱི་བསླབ་སྡོམ་ཡང་དག་པར་བཞེས།དགུང་ལོ་དགུར་ཕེབས་སྐབས་བཤེས་གཉེན་ཆེན་པོ་ངག་དབང་སྦྱིན་པ་སོགས་དགེ་བའི་བཤེས་གཉེན་དྲུག་གི་ཞབས་ལ་གཏུགས་ཏེ།ཆོས་སྡེ་དེའི་ཆོ་ག་ཕྱག་ལེན་སོགས་དང་། ཐུན་མོང་གི་རིག་པའི་གནས་རྣམས་ལ་གསན་སྦྱོང་རྒྱ་ཆེར་མཛད།
དགུང་ལོ་བཅུ་གཉིས་སོན་སྐབས་དབུས་སུ་བྱོན།དབུས་སུ་འབྱོར་འཕྲལ་ཐོག་མར་དགའ་ལྡན་དགོན་པར་རིན་པོ་ཆེ་གང་ཉིད་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཇལ་བཅར་ཕེབས་སྐབས་དགའ་ལྡན་གླིང་དུ་འབྱོར་མ་ཐག་གནཌི་རྡུང་པའི་སྐབས་ཁེལ་བ་སོགས་རྟགས་དང་རྟེན་འབྲེལ་ལེགས་པོ་བྱུང་། ད་དུང་སྐྱབས་རྗེ་ཁྲི་འཆང་རྡོ་འཆང་ཆེན་པོ་མཆོག་མཇལ་ཁ་ཕེབས་སྐབས་ཞབས་ཕྱི་བས་མཇལ་མི་ཞིག་བསླེབས་ཚུལ་ཞུས་པ་ལས་ཟམ་གདོང་བླ་མ་མཇལ་བཅར་ཡོང་ཚུལ་མ་ཞུས་ཀྱང་།སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཟམ་གདོང་མཆོག་སྤྲུལ་གཟིགས་མ་ཉིད་ནས་ཁྱེད་ཟམ་གདོང་ཡིན་པ་དེ་ངས་ཤེས་ཀྱི་ཡོད་སོགས་གསུངས་པ་སོགས་གོང་མའི་ཡང་སྲིད་འཁྲུལ་མེད་དང་དམ་པའི་སྐྱེས་བུ་གྱུར་བའི་རྟེན་འབྲེལ་མང་པོ་འགྲིག
དེ་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་བློ་གླིང་རྒྱལ་རོང་མཁན་རིན་པོ་ཆེ་འཇམ་དཔལ་བསམ་འཕེལ་མཆོག་དང་ཕུ་ཁང་སྤང་དགོན་རིན་པོ་ཆེ་སོགས་བཤེས་གཉེན་ཆེན་པོ་ལྔ་གཙུག་ཏུ་བཀུར་ཏེ།བཀའ་དགོངས་འགྲེལ་གྱི་གསུང་རབ་རྒྱ་མཚོའི་འཇིངས་ལས་བརྒལ་བའི་ཕྱིར་གཙོ་བོ་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་དང་།༧གོང་ས་མཆོག་དང་སྐྱབས་རྗེ་རྣམ་པ་གཉིས་བཅས་ཀྱི་དྲུང་ནས་ཆོས་བཀའ་མང་དུ་གསན་ནས་ཕར་ཕྱིན་དང་དབུ་མའི་ཚོགས་བཞེངས་དང་དམ་འཇོག་མཛད།ལོ་ལྟར་ཆག་མེད་འཇང་དགུན་ཆོས་ཕེབས་པ་སོགས་ཀྱིས་མཚོན་པའི་འབད་པ་ཆེན་པོས་བརྒལ་བརྟག་ལམ་ནས་གཞུང་ཆེན་གསན་བསམ་གནང་པས་མཁས་པའི་གྲགས་པ་འབར།སློབ་གཉེར་གྱི་དུས་ཡུན་ནང་རིན་པོ་ཆེན་དང་ཐུགས་འདྲིས་ཡོད་པའི་དེང་སྐབས་གྲྭ་སར་བཞུགས་པའི་དགེ་བཤེས་བགྲེས་སོང་ཚོས་གསུངས་པ་ལྟར་ན་བླ་མ་དང་སྤྲུལ་སྐུའི་སྐུ་ཉམས་མེད་པར་གྲྭ་རྐྱང་གསར་བུ་བཞིན་ཚོགས་ཆོས་དང་སློབ་གཉེར་ཧུར་ཐག་མཛད་ཀྱི་ཡོད་འདུག  དེ་ལྟར་རླབས་པོ་ཆེའི་གསན་བསམ་ལ་གཅིག་ཏུ་གཞོལ་བཞིན་པའི་མུར་རང་ཡུལ་གངས་ལྗོངས་སུ་དུས་འགྱུར་མི་བཟད་པ་བྱུང་བའི་སྐབས།བསྟན་དོན་རྒྱ་ཆེ་ལ་དགོངས་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས།སྦག་སར་ཆོས་སྡེ་ཆེན་པོར་འཇོལ་པའི་འབྱོར་ལྡན་པ་ཚོས་སྦྱིན་བདག་མཛད་ནས་དགེ་བཤེས་གཏོང་སྒོ་གནང་།
            ༡༩༦༠ལོར་དགུང་ལོ་ཉི་ཤུ་ཧྲིལ་པོ་ལོན་པ་ན།གནས་མཆོག་རྡོ་རྗེ་གདན་དུ་མཁན་ཆེན་འདུལ་བ་འཛིན་པ་ཡོངས་རྫོགས་བསྟན་པའི་མངའ་བདག་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཁན་པོ་དང་།༸སྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ལས་ཀྱི་སློབ་དཔོན།མཚན་ཞབས་གསེར་ཀོང་རྡོ་རྗེ་འཆང་ཆེན་པོས་གསང་སྟོན།༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་ཁ་སྐོང་གི་དགེ་འདུན་གྲངས་ཚང་གི་དྲུང་ནས།རྡོར་གདན་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་བསླབ་གཞི་ཡོངས་སུ་རྫོགས་པའི་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་བཞེས་ནས།བསླབ་ཁྲིམས་རྣམས་མིག་འབྲས་ལྟར་ཚུལ་བཞིན་བསྲུང་བར་མཛད་ཡོད།
ཕྱི་ལོ་༡༩༦༠ལོ་དཀྱིལ་ཙམ་ལ་རྡ་སར་ཕེབས་ཏེ།༸སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་གསན་བསམ་དང་།འབྲི་རྩོམ།ཆོས་ཞུ།དཔེ་ཁྲིད་སོགས་ཅི་རིགས་ཞུས་པ་དང་ཆབས་ཅིག་བཙན་བྱོལ་གཞུང་གི་སྲིད་ཞུའི་ཞབས་སྣེར་ཞུགས་ཏེ།ཌལ་ཧོར་གདན་གསུམ་གྱི་དགེ་འདུན་རྣམས་ལ་ཐ་སྙད་རིག་པའི་སློབ་ཁྲིད་བཅས་གནང་།དེ་བཞིན་དུ་ཌལ་ཧོར་གཏན་སློབ་ཏུ་བྱང་ཆུབ་ལམ་རིམ་གྱི་ས་བཅད་དང་སྦྲགས་ཏེ་སྐྱེས་བུ་ཆུང་འབྲིང་གི་ཆོས་འཁོར་སྐོར་ལ་གསུང་ཆོས་བཀའ་དྲིན་བསྩལ།
ཕྱི་ལོ་༡༩༦༡ནས་བཟུང་ལོ་མང་རིང་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་སིམ་ལ་གཏན་སློབ་དང་།དེ་བཞིན་རྡོར་གླིང་དང་ཌལ་ཧོར་གཏན་སློབ་བཅས་སུ་ལོ་མང་རིང་ཆོས་དགེ་དང་།སློབ་སྤྱི་སོགས་ཀྱི་མཛད་འགན་མང་པོ་བཞེས་ཏེ།གཞན་འགྲན་མ་མཆིས་པའི་མཛད་རྗེས་བཟང་པོ་འཇོག་གནང་མཛད།
ཕྱི་ལོ་༡༩༦༨དང་༦༩སོ་སོར་ཌལ་ཧོར་གདན་གསུམ་འདུས་ཚོགས་དང་།གསང་ཆེན་རྒྱུད་སྟོད་བཅས་སུ་དགེ་བཤེས་ལྷ་རམས་འཕར་མ་དང་།སྔགས་རམས་པ་བཅས་ཀྱི་དམ་འཇོག་མཛད་དེ།མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་ལ་མཁས་པའི་ཕུལ་དུ་ཕྱིན་པ་བདག་གིར་མཛད།

ལྷག་པར་དུ་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་༡༩༧༡ནས་བཟུང་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་རིང་སློབ་སྤྱི་དང་ངེས་སྟོན་པའི་མཚན་གནས་ཐོག་མཛད་འགན་བཞེས་ཏེ།ཆེས་དགོངས་ཡངས་དཀྱེལ་ཆེའི་གཟིགས་སྟངས་དང་།མཁས་འཇོན་གཉིས་ལྡན་གྱི་ཡང་དག་པའི་མཛད་བྱུས་བཅས་ལ་བརྟེན་ནས།སློབ་ཁང་འདིའི་ཐོག་མའི་གནས་བབས་བྱིའུ་ཕྲུག་ཐང་གྱར་ལྟ་བུའི་ཆེས་ཉམས་ཐག་པའི་གནས་སྟངས་ལས་གྲོལ་བར་མཛད་ནས།མཐར་སྣོད་བཅུད་ཡོངས་རྫོགས་གཙུག་ལག་སློབ་ཁང་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པ་སྐར་རྟགས་ལྔ་ཅན་ཐོབ་ཐུབ་པའི་ངོ་བོར་བསྒྱུར་བ་དང༌།ཡུན་རིང་ཆེས་ཡར་ལྡན་གྱི་ཚུལ་དུ་རྒྱུན་སྐྱོང་དང་འབྲེལ།རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཡར་ཐོན་གྱི་རྣམ་པ་ཅན་དུ་བསྒྱུར་བར་མཛད་ཡོད།
དེ་བཞིན་དུ་རྒྱལ་སྤྱི་དང་རྒྱལ་ནང་སོགས་སུ་ཤེས་ཡོན་རིག་གཞུང་དང་འབྲེལ་བའི་མཛད་རྗེས་ལ་ཆ་མཚོན་ན།རྒྱ་གར་རྒྱ་ཁྱབ་རྒྱལ་ཡོངས་ཀྱི་ནང་ཡོད་ཆེས་མཐོའི་གཙུག་ལག་སློབ་ཁང་༢༤༠བརྒལ་བའི་འགན་འཛིན་རིགས་བདག་ལྷན་ཚོགས་(A.I.C) ཀྱི་ཚོགས་མི་དང་ཚོགས་གཞོན།ཚོགས་གཙོ་ངོ་མ་བཅས་ཀྱི་མཛད་འགན་ལོ་གཉིས་ལྷག་དང་།དབྱིན་ཇིའི་མཐུན་ཕྱོགས་རྒྱལ་ཁབ་ནང་ཡོད་ཆེས་མཐོའི་གཙུག་ལག་སློབ་ཁང་(A.C.U) ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་།དེ་བཞིན་རྒྱ་གར་དབུས་གཞུང་དང་།མངའ་སྡེ་ཁག་སོགས་ལ་ཐུགས་འགན་འཁྲི་བའི་ནང་ཆོས་རིག་གཞུང་དང་འབྲེལ་བའི་ལས་དོན་གལ་ཆེ་ཕལ་ཆེ་བའི་སྐོར་རྣམས་གང་ཉིད་ལ་ལན་མང་འབྲེལ་གཏུགས་དང་རོགས་མགོན་མ་ཞུས་པ་མེད་པ་ལྟར་ཡིན་པས།ལས་དོན་དེ་དག་ལ་བརྟེན་པའི་དབུས་དང་ས་གནས་ཀྱི་ཤེས་ཡོན་སྡེ་ཚན་ཁག་གི་ཚོགས་པ་འདྲ་མིན་ལྔ་བཅུ་ཙམ་གྱི་ལས་དོན་གནང་སྒོའི་ཐོག་ལ།༸གོང་ས་མཆོག་དང་རྒྱ་གར་དབུས་གཞུང་གིས་ཐད་བསྐོས་བསྩལ་བ་སོགས་ལ་བརྟེན་པའི་ཚོགས་གཙོ་དང་།ཚོགས་མི་ཅི་རིགས་ཀྱི་མཛད་འགན་སྣ་མང་བཞེས་ཏེ།ཆེས་གཟེངས་སུ་འཐོན་པའི་མཛད་རྗེས་རླབས་པོ་ཆེ་མང་པོ་འཇོག་གནང་མཛད་ཡོད།
དེ་དང་ཕྱོགས་མཚུངས་རྒྱ་གར་དབུས་གཞུང་གི་Indian Council of philosophical Research (ICPR)ཞེས་པའི་སྙན་གྲགས་ཅན་གྱི་ལྷན་ཚོགས་དེས་National Lectureship (རྒྱལ་ཡོངས་སློབ་སྟོན་པ་) ཞེས་པའི་མཚན་གནས་འབུལ་བཞེས་ཀྱིས་རྒྱ་གར་གྱི་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ལྔའི་ནང་།ནང་ཆོས་རིག་གཞུང་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་བསྩལ་གནང་བ་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་མཁས་པའི་བགྲོ་གླེང་ཚོགས་འདུ་མང་པོའི་མདུན་སར‘‘སྨྲ་མཁས་རི་དྭགས་ཚོགས་རྣམས་ཀྱི།།དབུས་སུ་སེངྒེའི་སྒྲ་ཡང་བསྒྲགས།།’’ཞེས་གསུངས་པ་ལྟར་མཁས་པ་འདྲ་འདྲའི་ནང་ནས་མི་འདྲ་བའི་ཚུལ་དུ་ཆེས་མངོན་པར་འཕགས་ཤིང་།ཕྲ་ཞིང་མཛངས་ལ་རྒྱ་ཆེ་བའི་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་སེངྒེའི་ང་རོ་ཕྱོགས་བརྒྱར་སྒྲོགས་པ་ལ་བརྟེན་ནས་གཟུར་གནས་དཔྱོད་ལྡན་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་མཛད་ཡོད།
ཆབ་སྲིད་དང་འབྲེལ་བའི་སྐོར་ནས་ཞུ་ན་བོད་རང་དབང་བདེན་པའི་ལས་འགུལ་ཐོག་མར་འཛུགས་སྐབས།དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་ལམ་སྟོན་མཐིལ་ཕྱིན་གནང༌ཞིང་།ཕྱི་ལོ་༡༩༩༠ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་ལྟར་མ་འོངས་བོད་ཀྱི་རྩ་ཁྲིམས་དང་།སྐྱབས་བཅོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་མཛད་འགན་རྐང་བཞེས་ཐོགཕྱི་ལོ་༡༩༩༡ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཐད་བསྐོས་སྤྱི་འཐུས་བསྐོས་བསྩལ་བ་དང་།སྐབས་བཅུ་གཉིས་པ་ནས་བཟུང་མདོ་སྟོད་སྤྱི་འཐུས་སུ་མང་མོས་འོས་འདེབས་གནང་པ་ལྟར་སྤྱི་འཐུས་དང་མི་ལོ་བཅུའི་རིངསྤྱི་འཐུས་ཚོགས་གཙོའི་མཛད་འགན་བཞེས།༢༠༠༡དང་༢༠༠༦སོ་སོར་དེ་སྔོན་བྱུང་མྱོང་མེད་པའི་འོས་ཐོབ་བརྒྱ་ཆའི་མཐོ་ཚད་༨༤དང་༩༠བཅས་ཀྱི་ཐོག་མང་ཚོགས་ཀྱིས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་ཏེ།མི་ལོ་བཅུའི་རིང་མཛད་འགན་བཞེས་པ་བཅས་ཁྱོན་མི་ལོ་ཉི་ཤུའི་རིང་ཚོགས་གཙོ་དང་བཀའ་ཁྲིའི་མཚན་གནས་ཐོག་ཆེས་ཁྱད་དུ་འཕགས་ཤིང་མཁས་མཛངས་ལྡན་པའི་སྒོ་ནས་མཛད་འགན་བཞེས་ཏེ།གཟེངས་སུ་ཐོན་པའི་མཛད་རྗེས་རླབས་ཆེན་གཞན་འགྲན་མ་མཆིས་པ་འཇོག་གནང་མཛད་ཡོད།
ད་དུང་བཀའ་ཁྲི་ལས་ཁུར་རིང་གཞུང་མང་དབར་འབྲེལ་བ་དམ་ཟབ་བཏང་ནས་གཞིས་བྱེས་བོད་མི་ཚང་མར་སེམས་སུ་བོད་གཞུང་ཅེས་མ་དྲན་མེད་མཁན་ལྟ་བུ་གྱུར་ཟིན།གཞིས་ཆགས་སྲ་བརྟན་དང་ལྷག་པར་དུ་སྔོན་རྩིས་བུན་གཡར་མི་དགོས་པར་སྐྱོན་གསུམ་བྲལ་གྱི་རྩིས་ཁྲ་ཅེས་སྙན་གྲགས་ལྡན་པའི་རྩིས་གཙང་བྱུང་བ་སོགས་མཛད་རྗེས་རྨད་དུ་བྱུང་བ་བཞག། ད་དུང་རིན་པོ་ཆེ་གང་ཉིད་ཀྱིས་ཞལ་ནས་ང་སྤྱི་འཐུས་ཚོགས་གཙོའི་སྐབས་གྲོས་ཚོགས་ཀོ་བ་མཐུག་པོ་བཟོས་ཡོད།བཀའ་ཤག་གི་སྐབས་འཛིན་སྐྱོང་གི་སོ་རྣོན་པོ་བཟོས་ཡོད་ཅེས་གསུངས་པ་ལྟར་གང་ཉིད་ཀྱིས་སྤྱི་འཐུས་གནང་རིང་ཁྲིམས་དང་སྒྲིག་གཞི་དོ་དམ་པོ་དང་བཀའ་ཤག་སྐབས་འཛིན་སྐྱོང་གི་ལས་དོན་རྣོ་ངར་ལྡན་པ་བཟོ་བ་སོགས་མཛད་རྗེས་མང་པོ་འཇོག་གནང་མཛད།
དེ་བཞིན་ནང་ཆོས་རིག་གཞུང་དང་འབྲེལ་བའི་ལས་དོན་སྤྱི་བྱེ་བྲག་དང་།ལྷག་པར་བོད་དོན་བདེན་མཐའ་གསལ་ཐབས་ལ་སྨན་པའི་ལས་དོན་སྣ་མང་གི་ཐོག་༧སྐྱབས་མགོན་རྒྱལ་བའི་དབང་པོའི་བཞེད་དགོངས་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་ཡང་དག་པའི་ལམ་སྟོན་གསར་གཏོད་རྒྱུན་སྐྱོང་དང༌།དམ་པའི་ཆོས་ཀྱི་དགོངས་དོན་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་གཞི་བཅོལ་བའི་སྒོ་ནས།རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་གྱི་གལ་ཆེའི་ཕུགས་དམིགས་གང་ཡིན་དང་།དེ་ལ་སྨན་པའི་ལས་དོན་བྱེད་ཕྱོགས་ཀྱི་ཆར་གཞི།ལྟ་བའི་གཞི་རྟེན་དང་ལྡན་པའི་ཐབས་ལམ་གཏན་འབེབས།རྒྱལ་སྤྱི་དང་རྒྱལ་ནང་གི་འགྱུར་འགྲོས་ལ་གཞིགས་པའི་སྐབས་བསྟུན་གྱི་ལང་ཕྱོགས་ཇི་དགོས་སོགས་ཀྱི་ཐད།གང་ཟག་གང་ཡིན་གྱི་བློ་གྲོས་ཀྱི་ཡོལ་གོར་ཆུད་དཀའ་བའི་རང་བཙན་སྒྲུབ་པ་ཉམས་ལེན་དང་འབྲེལ་བའི་གནད་དོན་གལ་ཆེ་མང་དག་དང་།ཡང་དག་པའི་མཛད་བྱུས་དང་།རྨད་དུ་བྱུང་བའི་ཐབས་ལམ་ཇི་སྙེད་ཅིག་ཡིག་ངག་ཅི་རིགས་ཀྱི་ལམ་ནས་བོད་མི་ཚོར་སྣེ་ཁྲིད་ལམ་སྟོན་རྒྱ་ཆེ་བཀའ་དྲིན་མཛད་ཡོད་པ་མཐའ་དག་བརྗོད་ཀྱིས་མི་ལང་ཡང་།ཕྱོགས་ཙམ་ཞིག་འགོད་པར་འདོད་པ་གཤམ་གསལ་ལྟར་རོ།།
རིན་པོ་ཆེ་གང་ཉིད་ཀྱི་བཀའ་རྩོམ་སྐོར།
སྐྱེས་མཆོག་དེས་རང་རེ་བོད་འབངས་རྣམས་ཀྱི་ཆེད་དུ་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་རླབས་པོ་ཆེ་ཇི་སྙེད་ཅིག་བཀྲིན་བསྐྱངས་ཡོད་པ་ལས།འདིར་མཛད་པ་ཀུན་གྱི་མཆོག་གསུང་གི་མཛད་པའི་ཕྱག་རྗེས་ཀྱི་སྐྱེས་བཟང་ཁྱད་དུ་འཕགས་པ་ཇི་ལྟར་སྤེལ་ཡོད་སྙམ་ན།སྤྱིར་མཁས་པའི་དབང་པོ་དེ་ཉིད་མདོ་སྔགས་རིགས་གནས་དང་བཅས་པའི་མཁས་བྱའི་གནས་ཀུན་ལ་མཁྱེན་པའི་རྩལ་ཐོགས་པ་མི་མངའ་ཞིང་།ཡར་ཐོན་གྱི་རྣམ་པ་ཅན་གྱི་དགོངས་པའི་ཆུ་ཚད་ཧ་ཅང་མཐོན་པོར་སོན་པ་ཞིག་ཡིན་པ་སྨོས་ཅི་དགོས།སྒོས་སུ་འཇམ་མགོན་རྒྱལ་བ་གཉིས་པའི་གསུང་།བླ་ན་མེད་པ་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས།
རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌།།
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།།
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།
ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།ཞེས་གསུངས་པ་ལྟར་ཕྲ་ཞིང་ཟབ་པའི་ཤེས་བྱའི་གནད་དོན་ཀུན་ལ།དཔྱད་གསུམ་རྣམ་པར་དག་པའི་རིགས་པའི་ལམ་ནས་ལེགས་པར་དཔྱོད་ཅིང་ངེས་ཤེས་རྣལ་མ་འདྲེན་པར་བྱེད་པའི་རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་བྱུང་བ་དང་ལྡན་ཞིང༌།ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་རྒྱ་མཚོའི་བརྗོད་དོན་མཐའ་དག་གདམས་པར་ཤར་བའི་ཐུགས་ཉམས་བཞེས་ཀྱི་གནད་འཕྱུག་པ་མེད་པ་ལ་བརྟེན་ནས།ཡང་སྒོས་ལྷག་པར་ཅན་དུ་གང་གསན་བཞེས་མཛད་ཅིང་ཐུགས་ཉམས་འོག་ཏུ་ཆུད་པའི་མཐའ་དག་ཤེས་བྱའི་གནད་དོན་རྣམས།དག་གསལ་རྫོགས་པའི་སྒོ་ནས་གཞན་ལ་འདོམས་པ་ལ་ངག་རིག་སྨྲ་བའི་གནས་ཀུན་ལ་དབང་འབྱོར་བའི་ལྷག་པའི་ལྷའི་གཟུགས་སུ་བྱོན་པ་ལྟ་བུའི་སྨྲ་བ་ཟླ་མེད་པའི་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་མ་ཟད།གོང་སྨོས་བཞིན།  ‘‘འོན་ཀྱང་རྣམ་དཀར་ལས་ཀྱི་བྱེད་པོས་རྣམ་དཔྱོད་བགོ་སྐལ་ལྷག་བྱིན་པས།།’’  ཞེས་ཇི་སྐད་གསུངས་པ་ལྟར་ཟབ་གསལ་མྱུར་བའི་ཤེས་རབ་དང༌།ཕྲ་ཞིང་མཛངས་ལ་རྒྱ་ཆེ་བའི་རྣམ་དཔྱོད་ཀྱི་རྩལ་གཞན་ལས་ཀྱང་ཁྱད་ཞུགས་པའི་དབང་གིས།གང་གི་གསུང་གི་མཛད་པའི་ཆ་ཤས་དག་ལ་ཁྱད་ཆོས་འདི་ལྟར་ལྡན་ཏེ།ཕྱི་ནང་གི་ཤེས་བྱ་རིག་པའི་གནས་ཇི་འདྲ་བ་ཞིག་གི་ཐོག་སྨྲ་བ་གཤམ་པའམ་གཏམ་བཤད་མཛད་པའི་ཚེ།ཕྱོགས་རེ་བ་དང་རགས་པ་རེས་ཚིམས་པ་ཡོངས་སུ་དོར་ཏེ།བརྗོད་གཞིའི་གནད་དོན་ཀུན་ལུས་པ་མེད་པར་དག་ཅིང་གསལ་ལ་རྫོགས་པའི་ཚུལ་དུ་སྟོན་པས།རྒྱ་ཆེ་བའི་གསུངས་ཚུལ་དང༌།ཟབ་ཅིང་རྟོགས་དཀའ་བའི་གནད་དོན་དག་སྟོན་པའི་ཚེ།ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ནས།དཀའ་གནད་གང་ཡིན་གྱི་མཐའ་གསལ་མཐིལ་རྟོལ་ཐུབ་ངེས་ཀྱི་ཟབ་བཤད་མཛད་པས།ཟབ་ཅིང་ཕྲ་ལ་ཕུ་ཐག་ཆོད་པའི་གསུང་ཚུལ་དང༌།བརྗོད་གཞི་གང་ཡིན་གྱི་ཐོག་མའི་མིང་ཚིག་འདོགས་ཚུལ་དང༌།བཏགས་དགོས་པའི་རྒྱུ་མཚན་སོགས་ཀྱིས་མཚོན་གླེང་གཞི་རྒྱུ་རྐྱེན་གྱི་བྱུང་རིམ་དང༌།ཁུངས་ལུང་སྒྲུབ་བྱེད་སོགས་རྒྱབ་ལྗོངས་ཀྱི་རིམ་པ་ཡོངས་སུ་ཚང་བའི་སྒོ་ནས་བརྗོད་དོན་ཀུན་དམིགས་ཕྱེད་པར་མཛད་པས།ཞིབ་ཅིང་གསལ་ལ་ཕྲ་ཞིང་མཛངས་པའི་གསུངས་ཚུལ་དང༌།སྐབས་འགར་གནས་དུས་དམིགས་བསལ་ཅན་གྱི་ཚེ།བརྗོད་དོན་གྱི་བབས་དང་བསྟུན་ནས་ཧ་ཅང་ཐུགས་སྒམ་པོའི་སྒོ་ནས་དགོངས་ཚོད་ཇི་བཞིན་ལོན་དཀའ་བའི་ཟབ་བཤད་མཛད་པས།ཟབ་ཅིང་བརླིང་ལ་གཏིང་དཔོག་པར་དཀའ་བའི་གསུངས་ཚུལ་དང༌།སྐབས་མང་པོར་གང་ཟག་གང་ཡིན་གྱི་བློ་གྲོས་ཀྱི་ཡོལ་གོར་འཆར་དཀའ་ཞིང་ཉམས་འོག་ཏུ་མ་ཆུད་པའི་ཤིན་ཏུ་འགངས་ཅན་གྱི་གནད་གསང་རྣམས།གང་གི་རིགས་རྩལ་ཤིན་ཏུ་རྣོ་ཞིང་གསལ་བའི་མེ་ལོང་ནང་རྫོགས་པར་འཆར་ཞིང་།ཚད་མས་ངེས་པ་དྲངས་ནས་སྟོན་པས།རྣོ་ཞིང་མྱུར་ལ་ཕུ་ཐག་ཆོད་པའི་གསུངས་ཚུལ་དང༌།འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་དོན་ཀུན་ཐུགས་ཉམས་འོག་ཏུ་ཆུད་ཅིང་།ཀུན་ལ་མ་ཁྱབ་པ་མེད་པར་སྟོན་པས།དགོངས་ཡངས་དཀྱེལ་ཆེའི་གསུངས་ཚུལ་དང༌།སྤྱི་སྒེར་དང་།དངོས་ཤུགས་དང་།དྲང་ངེས་དང༌།དགོངས་ལྡེམ་དགོངས་སོགས་ཡུལ་དུས་དགག་དགོས་ལ་ལྟོས་ཚབས་ཆེ་བའི་གནད་དོན་ཀུན་གྱི་མཚམས་འཛིན་རྣམས་མ་འདྲེས་མ་འཕྱུག་པར་སྟོན་པས།ལེགས་པར་རྣམ་པར་ཕྱེ་བའི་སྟོན་ཚུལ་དང༌།ཐུན་མོང་སྣང་ཚོད་ལྟར་གྱི་སྤྱི་སྒོས་ཤེས་བྱའི་གནས་རྣམས་ལ།འདི་མ་མཁྱེན་དང༌།འདི་མ་རྟོགས་ཞེས་བྱ་བའི་བློ་མིག་མི་གསལ་བའི་གོ་སྐབས་ཀྱིས་དབེན་པས།འགག་ཐོགས་མི་མངའ་བའི་གསུངས་ཚུལ་སོགས་མདོར་ན་བརྗོད་བྱ་རྣམ་པ་ཀུན་དང་ལྡན་ཞིང༌།རྗོད་བྱེད་སྣ་ཚོགས་པ།མཁས་ཀུན་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་སྐྱེས་བཟང་སྔ་ན་མེད་པ་དག་བློ་གསལ་རྣ་བའི་དཔྱིད་དུ་གནས་དུས་མང་པོར་ལན་གཅིག་མིན་པར་སྤྲོ་བར་མཛད་པ་ལ་བརྟེན་ནས།སྤྱི་བྱེའི་ཤེས་བྱའི་གནས་ལ་གཅིག་ཏུ་བརྩོན་ཞིང་འདུན་པའི་བློ་ལྡན་ཐོས་འདོད་དོན་གཉེར་ཅན་དག་གི་རེ་བའི་སྐོམ་པ་ཡོངས་སུ་སེལ་ནུས་ངེས་ཀྱི་རྨད་དུ་བྱུང་བའི་གསུང་གི་མཛད་པའི་ཕྱག་རྗེས་རྒྱ་ཆེ་ཞིང་རྣམ་གྲངས་མང་དུ་མཆིས་སོ།།
བཤད་པའི་རྣམ་པ་གཅིག་ཏུ་ན།ཐོགས་པ་མི་མངའ་བའི་གང་གི་མཁྱེན་རབ་རྣམ་དཔྱོད་ཀྱི་ནུས་རྩལ་ལ་བརྟགས་ན།མཁས་པའི་བྱ་བ་རྣམ་གསུམ་ལས་ཇི་ལྟར་འཆད་པའི་སྐོར་ལ་མཁས་མཛངས་ལྡན་པའི་མཛད་རྗེས་རྒྱ་ཆེ་འཇོག་གནང་མཛད་པ་ལྟར།རྩོམ་ལ་བརྟེན་པའི་མཁས་པའི་མཛད་རྗེས་ལ་ཡང༌།རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་གཞུང་ཆེན་མོ་དག་གི་ཐོག་ལ་འགྲེལ་པ་དང་འགྲེལ་བཤད་སོགས་ཀྱི་བསྟན་བཅོས་པོད་གྲངས་མང་པོ་འབྱུང་ཆོག་པ་ཞིག་ཏུ་མངོན་ན་ཡང༌།བོད་བསྟན་སྲིད་ཆག་འཇིག་ཏུ་འགྱུར་རྒྱུའི་ཆེས་གཉན་འཕྲང་ཅན་གྱི་དུས་འགྱུར་མི་བཟད་པའི་རྐྱེན་དབང་ལ་བརྟེན་ནས།དེང་གི་ཆར་བོད་མིའི་སྤྱི་ཚོགས་ལ་བརྟེན་པའི་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཙམ་མ་ཡིན་པར།ཆབ་སྲིད་ཀྱི་མཛད་འཆར་ཆུ་གཉེར་ལྟར་ཟད་མི་ཤེས་པའི་མཛད་བྲེལ་དག་ལ་བརྟེན་ནས།རྩོམ་གྱི་ཐོག་མཁས་པའི་མཛད་རྗེས་རྒྱ་ཆེན་པོ་འཇོག་རྒྱུའི་ཐུགས་འཁོམ་གཏན་ནས་བྱུང་མེད་པ་ནི།གང་ཉིད་ཀྱི་གསུང་རྩོམ་ལས་ཀྱང་ལེགས་པར་ཁུམས་ནུས་ཏེ།ཇི་སྐད་དུ། ‘‘ལུས་ཀྱི་ལྟེ་ཁྲག་གངས་ཅན་ལྗོངས་སུ་འཕོས།།མི་ཚེ་ཕལ་ཆེར་འཕགས་པའི་ཡུལ་དུ་བསྐྱལ།།ཆོས་སྒོར་ཞུགས་ཀྱང་ལས་སྐལ་སྲིད་ལ་བསྐོས།།’’ཞེས་གསུངས་པ་ལྟར་རོ།།
འོན་ཀྱང་མཛད་བྲེལ་ཤིན་ཏུ་ཆེ་བའི་བར་གསེང་ནས།གང་གི་གཞན་འགྲན་མ་མཆིས་པའི་ཕུལ་བྱུང་རྣམ་དཔྱོད་ཀྱི་རྩལ་དང༌།འཇིག་རྟེན་སྤྱི་བྱེའི་བདེ་ཐབས་ལ་གཅིག་ཏུ་སྨན་པའི་ཀུན་ཁྱབ་འགན་འཁུར་གྱི་མཆོག་ཏུ་དགེ་བའི་ལྷག་བསམ་བཅས་ལ་བརྟེན་ནས།དུས་མཐུན་གྱི་ཆོས་དང་སྲིད་ཀྱི་གནད་དོན་ལ་རྨོངས་པའི་སྐྱེ་བོ་དག་ལ་ཐུགས་ཉེ་བར་དགོངས་ཏེ།དེ་དག་གི་རྨོངས་མུན་རྣམས་སེལ་བའི་སླད་དུ་ཆོས་དང་སྲིད་ཀྱི་ཡང་དག་པའི་ལྟ་སྤྱོད་ཀྱི་གནད་དོན་རྣམས་ཇི་ལྟ་བ་བཞིན་སྟོན་པའི་ལམ་སྟོན་ཚད་མའི་ཉིན་བྱེད་དུ་གྱུར་པའི་གསུང་རྩོམ་ཇི་སྙེད་ཅིགརྩོམ་རྩལ་ཕུན་སུམ་ཚོགས་པའི་ལམ་ནས་འཛམ་གླིང་སྤྱི་ནོར་གྱི་ཚུལ་དུ་འདོན་སྤེལ་མཛད་ཡོད།
དེ་ཡང་ལོ་ཤས་སྔོན་དཔར་བསྐྲུན་ཞུས་པའི་མངོན་བསྟོད་གླེགས་བམ་གཉིས་པ་དང་གསུམ་པའི་ནང་གང་འཁོད་པ་རྣམས་དང་།དེ་ལས་གཞན་པ་རྣམས་སུ་གསལ་བའི་ཁྱད་པར་དུ་འཕགས་པའི་འཕགས་ཆོས་དེ་ལྡན་གྱི་དེ་འདྲའི་སྐད་ཡིག་གསུམ་གྱི་ཐོག་བཞུགས་པའི་གསུང་གི་མཛད་པའི་ཕྱག་རྗེས་ལ་ཡང་ནང་གསེས་ཀྱིས་ཕྱེ་ན་སྡེ་ཚན་གསུམ་སྟེ།ཀ)  རྩོམ་རྩལ་གྱི་དཔལ་ཡོན་ཡོངས་སུ་རྫོགས་པའི་སྒོ་ནས་ཆེད་དུ་བརྩམས་པར་མཛད་པ་དང༌།ཤར་མར་བཀོད་པ་བཅས་ཀྱི་གསུང་རྩོམ་ཁག་དང༌།ཁ)  ནང་ཆོས་རིག་གཞུང་དང༌།ཆབ་སྲིད་སོགས་ཀྱི་སྐོར་ལ་གཞུང་བཤད་སློབ་ཁྲིད་མཛད་པ་འོད་སྡེར་ཁག་སོགས་ནས་ཕབ་བཤུས་བྱས་པ་དག་དང་།ག) མཐའ་དག་ཤེས་བྱའི་རྣམ་གཞག་ལ་བརྟེན་པའི་བརྗོད་གཞི་འདྲ་མིན་གྱི་ཐོག་སྨྲ་བ་གཤམ་པའམ་གསུང་བཤད་བསྩལ་བ་སྒྲ་འཛིན་འཁོར་ཐག་དང་འོད་སྡེར་སོགས་ནས་ཕབ་བཤུས་བྱས་པ་བཅས་སོ།།
ཀ༽གསུང་རྩོམ་གྱི་སྐོར་ལ་ནང་གསེས་ཕྱེ་སྐབས་སྐད་ཡིག་གི་དབང་དུ་བྱས་ན་གསུམ་སྟེ།བོད་སྐད་དང༌།ཧིནྡཱི་དང༌།དབྱིན་ཇི་བཅས་སོ།༡༽དང་པོ་བོད་སྐད་ལ་ཡང་ནང་གསེས་གསུམ་སྟེ།༡༽ནང་ཆོས་དང་འབྲེལ་བའི་སྐོར་ལ།བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པ་དག་དེང་དུས་ཀྱི་ཉམས་ཞིབ་ཀྱི་རྩལ་ཡོངས་སུ་རྫོགས་པའི་སྒོ་ནས་འདྲ་བསྡུར་མཆན་བཀོད་བསྐྱར་ཞུས་དང་འབྲེལ་གླེང་བརྗོད་ཞིབ་རྒྱས་བཀའ་རྩོམ་མཛད་ཡོད།རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་འདྲ་བསྡུར་མཆན་བཀོད་ཀྱི་ལམ་ནས་དཔར་བསྐྲུན་ཞུས་སྐབས།སྤྱི་ཁྱབ་ཞུ་སྒྲིག་པའི་ཐུགས་འགན་བཞེས་ཏེ།མཁས་རྩལ་རྫོགས་པའི་གླེང་བརྗོད་ཞིབ་གསལ་བཀའ་རྩོམ་མཛད་ཡོད།དེ་བཞིན་དུ་ཤེར་མདོ་རྡོ་རྗེ་གཅོད་པའི་ཆེད་བརྗོད་ཉམས་ཞིབ་ཀྱི་རྩལ་དང་ལྡན་པ་ཞིག་ཀྱང་བཀའ་རྩོམ་མཛད་ཡོད།དེ་དང་ཕྱོགས་མཚུངས་འདི་གའི་གཙུག་ལག་སློབ་ཁང་ནས་སྤར་བསྐྲུན་ཞུས་པའི་དཔེ་དེབ་བརྒྱ་ཕྲག་བརྒལ་བ་དག་གི་ཞུ་ཆེན་གྱི་ཆེད་བརྗོད་བོད་སྐད་དང་ཧིན་སྐད་ཐོག་བཞུགས་པ་དག་དང༌།མཎྜལ་གྱི་བཤད་པ་རྒྱས་འབྲིང་བསྡུས་གསུམ།རྒྱལ་པོ་མི་ལིནྡའི་དྲི་བ་ཞེས་པའི་ཕྱག་དཔེ་ཆ་ཚང་ཧིན་སྐད་ནས་བོད་བསྒྱུར་མཛད་པ།ཨ་མདོ་དགེ་ཆོས་ཀྱིས་མཛད་པར་གྲགས་པའི་ཀླུ་སྒྲུབ་དགོངས་རྒྱན་གྱི་དགག་པ་འཕྲོ་ཅན་༼བོད་དུ་བཞུགས་སྐབས་བཀའ་རྩོམ་མཛད་པ།༽སོགས་མང་ངོ།།
༢༽ཤེས་རིག་གི་སྐོར་ལ།བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་འབྱུང་འགྱུར་འབྲིང་རིམ་འཛིན་གྲྭའི་བར་བོད་ཡིག་གི་ལམ་ནས་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་བྱེད་ཕྱོགས་ཀྱི་འཆར་ཟིན།༼ཤེས་ཡོན་སྲིད་བྱུས་ཁྱད་དུ་འཕགས་པ་སྔ་རྗེས་གཉིས་དང་།༽ཐོན་མི་སམྦྷོ་ཊའི་ཟློས་གར།མཁན་སློབ་ཆོས་གསུམ་གྱི་རྣམ་ཐར་དང་འབྲེལ་བའི་ཟློས་གར།བོད་ཀྱི་རྩོམ་རིག་སྐོར།གཏམ་རྒྱུད་གསེར་ཐང་མའི་གླེང་བརྗོད།གླུ་ཐལ་སྦྱར་མའི་གླེང་བརྗོད།སྐབས་སུ་བབས་པ་གཙུག་ལག་སློབ་ཁང་འདིའི་རིགས་ཀྱི་གླུའི་རྒྱ་ཆེར་འགྲེལ་དང་།ཉེ་བར་བཀོད་པའི་བཅོས་སྒྲུང་འདུན་པ་ཆེན་པོར་གྲགས་པའི་ཆེད་བརྗོད།ཇོ་བོ་རྗེ་ཨ་ཏཱི་ཤའི་རྣམ་ཐར་དང་འབྲེལ་བའི་ཟློས་གར།རྩོམ་རིག་དང་རང་དབང་གི་སྐོར་ལ་ཚོགས་པའི་བོད་ཀྱི་རྩོམ་པ་པོའི་རྒྱལ་ཡོངས་ཚོགས་ཆེན་ལ་བསྩལ་བའི་མཚམས་འཕྲིན།མང་གཙོ་དང་དམངས་གཙོའི་སྐོར་གྱི་རྩོམ་ཡིགས་སྐྱའི་མཐོ་སློབ་དབུ་བརྙེས་པའི་དུས་དྲན་སྐབས་བསྩལ་བའི་བཀའ་སློབ།བྱམས་བརྩེའི་པོད་ཕྲེང་དང་པོའི་ཆེད་བརྗོད་རང་གཏམ་ཚིག་གསུམ་ཞེས་པ་སོགས་ཁྱད་དུ་འཕགས་པའི་གསུང་རྩོམ་ཆེས་མང་ངོ་།།
༣༽ཆབ་སྲིད་ཀྱི་སྐོར་ལ།བདེན་པའི་ཨུ་ཚུགས་སྐོར།དབྱིན་བོད་གཉིས་ཀའི་ཐོགའབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང༌།དབྱིན་བོད་གཉིས་ཀའི་ཐོགབཅའ་ཁྲིམས་ཀྱི་གླེང་གཞི་དང་དེའི་རྒྱབ་ལྗོངས།མ་འོངས་བོད་ཀྱི་རྩ་ཁྲིམས་དང༌།སྐྱབས་བཅོལ་བོད་མིའི་བཅའ་ཁྲིམས།གྲོས་ཚོགས་ཀྱི་ཁྲིམས་ཡིག་ཇི་སྙེད་ཅིག་དང༌།མང་གཙོའི་དུས་དྲན་དང༌།གསུམ་བཅུའི་དུས་དྲན་སོགས་སུ་བསྩལ་བའི་སྤྱི་འཐུས་དང་།བཀའ་ཤག་གི་གསུང་འཕྲིན་ཇི་སྙེད་ཅིག་དང༌།བཀའ་ཁྲིའི་མཚན་གནས་རྗེས་འབྲེལ་གྱི་བཀའ་སློབ་དང་།གྲོས་ཚོགས་སུ་བསྩལ་བའི་ཚོགས་གཙོའི་གསུང་བཤད་ཡིག་ཐོག་ལ་འཁོད་པ་མང་དག་དང༌།རང་སྲིད་རང་སྐྱོང་གི་སྐོར་དང༌།བོད་ཀྱི་ད་ལྟའི་ཛ་དྲག་གནས་བབ་དང་ང་ཚོའི་ལས་འགན།བཙན་བྱོལ་བོད་གཞུང་གི་གྲུབ་འབྲས་སྤྱི་དང་བྱེ་བྲག་གི་སྐོར་དང༌།སྤྱི་འཐུས་འོས་བསྡུའི་སྒྲིག་དོན་ལ་གསལ་བཤད།དམར་པོའི་ལྟ་བའི་སྐོར་ལ་བསྩལ་བའི་གསུང་བཤད་སོགས་ཡིག་ཐོག་ཏུ་ཕབ་པ་ཇི་སྙེད་ཅིག་མཆིས་སོ།།
༢༽གཉིས་པ་ཧིནྡཱིའི་སྐད་ཐོག་ཡོད་པའི་གསུང་རྩོམ་ལ་ཡང་ནང་གསེས་གསུམ་སྟེ།)ནང་ཆོས་དང་འབྲེལ་བའི་སྐོར་ལ།  (1)  དབུ་མའི་ལྟ་བ་དང་སློབ་དཔོན་ཀླུ་སྒྲུབ།  (2)  ཟབ་མོ་རྟེན་འབྱུང་དང་འབྲེལ་བའི་དཔྱད་གཞི་ཆེ་བའི་གནད་དོན་འགའ།  (3)  ནང་པའི་རྣམ་རིག་སྨྲ་བ་ལ་དཔྱད་པ་དང་།དེའི་དགོས་ཕན།ཞེས་སོགས་མང་ངོ།།
)ཤེས་རིག་དང་འབྲེལ་བའི་སྐོར་ལ།  (1) བོད་ཀྱི་ངག་རྩལ་རིག་གཞུང་ལ་སྙན་ངག་མེ་ལོང་མའི་ལག་རྗེས།  (2)  ཐོན་མི་སམྦྷོ་ཊའི་ཟློས་གར་ལས་འཁྲབ་ཚན་གསུམ་པ་དང༌བཞི་པ།  (ཧིན་སྐད་ཐོག་ཡོད་པ།)  (3) ཇོ་བོ་རྗེ་ཨ་ཏཱི་ཤའི་ཟློས་གར་གྱི་ཡལ་འདབ་གཉིས་པ།  (ཧིན་སྐད་ཐོག་ཡོད་པ།)  སོགས་མང་ངོ་།།
)ཆབ་སྲིད་དང་འབྲེལ་བའི་སྐོར་ལ།  2)  ད་ལྟའི་བོད་ཀྱི་གནས་སྟངས་དང་འབྱུང་འགྱུར་ཇི་ཡོང་སྐོར།  2)  འགྲོ་བ་མིའི་རངདབང་གི་སྐོར་ལ་ལྟ་ཚུལ་བྱེ་བྲག་པ་ཞིག་གི་དབང་དུ་བྱས་པ།  3)  ཆོས་ལུགས་རིས་མེད་དང་།རྒྱལ་ཁབ་ཆིག་བསྒྲིལ་གྱི་སྐོར་ལ།ཨཱམྦེཌ་ཀར་མཚན་ཅན་གྱི་ཚོགས་གཙོའི་གསུང་བཤད།ཞེས་སོགས་མང་ངོ།།
) ཧིན་སྐད་ཐོག་བཅར་འདྲི་ཞུས་གྲས་ཁག་གཅིག  (1)  ནང་པའི་སྒྱུ་རྩལ་དང་སྒྲུབ་ཐབས་ལེགས་བྱང་བཅས་ཀྱི་དབར་ཕན་ཚུན་འབྲེལ་བ།  (2)  བོད་དོན་སྒྲུབ་པ་ཉམས་ལེན་གྱི་ལམ་ལུགས་ཚན་རིག་དང་མཐུན་སྐོར།  (3)  བོད་ནང་བྱུང་བའི་ཆོས་དང་ཆོས་མིན་གྱི་འཐབ་རྩོད་སྐོར།  (4)  བདེན་པ་ལ་བར་ཆད་འབྱུང་སྲིད་ཀྱང་དེ་ཕམ་མི་སྲིད་པའི་སྐོར།
) གསུམ་པ་དབྱིན་སྐད་ཐོག་ཡོད་པའི་གསུང་རྩོམ་ལ་ཡང་ནང་གསེས་གསུམ་སྟེ།  1)  ནང་ཆོས་དང་འབྲེལ་བའི་སྐོར་ལ།  a)  Buddhist Meditation  ནང་པའི་སྒོམ་གྱི་སྐོར།  b)  Harmony of Religion ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ།  c)  Contribution of Buddhism to the Culture of Peace ཞི་བདེའི་ལེགས་བྱང་གི་སྐོར་ལ་ནང་པའི་ཕྱག་རྗེས་སམ་མཐུན་འགྱུར། d) The Social and Political Strata in Buddhist Thought  ནང་པའི་ལྟ་ཚུལ་གྱི་དབང་དུ་བྱས་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་རིམ།  e) Uncompromising Truth for a compromised world, Tibetan Buddhism and today’s world.
)  ཤེས་རིག་གི་སྐོར་ལ།  a)  All India  University Presidential Address  རྒྱ་གར་རྒྱ་ཁྱབ་རྒྱལ་ཡོངས་གཙུག་ལག་སློབ་ཁང་གི་འགན་འཛིན་རིགས་བདག་ལྷན་ཚོགས་ཀྱི་ཚོགས་གཙོའི་གསུང་བཤད།  b)  Tibetan Debate  བོད་མིའི་རྩོད་རིག་སྐོར།
) ཆབ་སྲིད་ཀྱི་སྐོར་ལ།  a)  Tibet: A future vision འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང༌།  (b)  Satyagraha (Truth insistence)  བདེན་པའི་ཨུ་ཚུགས་ཀྱི་སྐོར།  (c)  Lecture on Satyagraha  བདེན་པའི་ཨུ་ཚུགས་ཀྱི་སྐོར་ལ་བསྩལ་བའི་གསུང་བཤད།  (d)  Tibetan Peoples self determination fact or fiction བོད་མིའི་རང་སྲིད་རང་སྐྱོང་ཞེས་པ་དངོས་འབྲེལ་དང་རྟོག་བཏགས་གང་ཡིན་གྱི་སྐོར། (e)  The basic crisis and remedy  གཞི་རྩའི་དཀའ་རྙོག་དང་དེའི་བཅོས་ཐབས།  (f) Speech on 3rd World Parliamentarian Convocation on Tibet ‘འཛམ་གླིང་གྲོས་ཚོགས་ཚོགས་ཐེངས་གསུམ་པའི་འཐུས་མིར་བསྩལ་བའི་བཀའ་སློབ་སོགས་ཡོད།
) གཞུང་བཤད་སློབ་ཁྲིད་མཛད་པའི་སྐོར་ལ་ནང་གསེས་གསུམ་ལས།)དང་པོ་ནང་ཆོས་ཀྱི་སྐོར་ལ།བྱང་ཆུབ་ལམ་གྱི་སྒྲོན་མེ།བཤེས་སྤྲིངས།དབུ་མ་རིན་ཆེན་ཕྲེང་བ།ལེགས་བཤད་བློ་གསར་མིག་འབྱེད།ལམ་གཙོ་རྣམ་གསུམ།བློ་སྦྱོང་མཚོན་ཆ་འཁོར་ལོ།གང་བློ་མ།རྣམ་བཤད་རིགས་པའི་སྙིང་དོན་འགྲེལ་བརྗོད།ཚད་མ་རིགས་སྒོ་སོགས་ཀྱི་བཀའ་འཁྲིད་ཇི་སྙེད་ཅིག་བསྩལ་ཡོད།
)ཤེས་རིག་གི་སྐོར་ལ།གཙུག་ལག་སློབ་ཁང་འདིའི་རིགས་ཀྱི་གླུ་དང༌།ས་སྐྱ་ལེགས་བཤད་ཀྱི་གཞུང་ཚན་ཁག་སོགས་ཀྱི་སློབ་ཁྲིད་མཛད་ཡོད།
)ཆབ་སྲིད་ཀྱི་སྐོར་ལ།མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་གྱི་སྐོར་དང༌།སྐྱབས་བཅོལ་བོད་མིའི་བཅའ་ཁྲིམས་སོགས་ཀྱི་སློབ་ཁྲིད་མཛད་ཡོད།
) བརྗོད་གཞི་སྣ་ཚོགས་ཐོག་སྨྲ་བ་གཤམ་པའམ་གསུང་བཤད་གནང་གྲས་ལ་ནང་གསེས་བཞི་སྟེ། ’1)  ནང་ཆོས་ཀྱི་སྐོར་ལ།སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་སྐོར་དང༌།བསླབ་པ་གསུམ།སྡེ་སྣོད་གསུམ།ཐེག་པ་གསུམ།སྐྱེས་བུ་གསུམ།རྒྱུད་སྡེ་བཞི།བདེན་བཞི།བདེན་གཉིས།རྟེན་འབྲེལ།ཞི་ལྷགཕྱིན་དྲུགལས་འབྲས།དབུ་སེམས་ཀྱི་ལྟ་བ།ཐེག་པ་གཉིས་དང་གྲུབ་མཐའ་བཞི།འཆི་བ་མི་རྟག་པ་དྲན་ཚུལ་དང༌།སྒོམ་གྱི་སྐོར་སོགས་མང་དུ་མཆིས་སོ།།
            2)ཤེས་རིག་གི་སྐོར་ལ། རིག་གནས་བཅུའི་སྐོར། རྩོམ་རིག་གི་སྐོར། ཤེས་ཡོན་སྲིད་བྱུས། རིག་གཞུང་གི་སྐོར། སློབ་ཁང་གི་དམིགས་ཡུལ་དང་མ་འོངས་པའི་མདུན་ལམ་སྐོར། རིག་གཞུང་སྲུང་སྐྱོབ་དང་ལེགས་སྦྱང་སྐོར། བོད་ནང་གི་ཤེས་ཡོན་གནས་སྟངས་སྐོར། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐོར། བོད་ཕྲུག་ན་གཞོན་ཚོར་དམིགས་པའི་གང་ཉིད་ཀྱི་ཐུགས་རེ། བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་སྐོར། བོད་ཀྱི་སྐད་ཡིག་དེ་འཇིག་རྟེན་སྤྱི་ཡོངས་ལ་གལ་གནད་ཆེ་སྐོར་སོགས་ཆེས་མང་ངོ། །
3)ཆབ་སྲིད་ཀྱི་སྐོརལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྐོར། མ་འོངས་བོད་ཀྱི་གནས་སྟངས་སྐོར། རྒྱལ་སྤྱིའི་གྲོས་ཚོགས་ཚོགས་འདུའི་སྐོར། ༸གོང་ས་མཆོག་གི་ཆབ་སྲིད་ཀྱི་ལྟ་གྲུབ་སྐོར། བོད་དོན་ཐོག་ཆབ་སྲིད་ཀྱི་ལྟ་བ་དང༌ལྷག་བསམ་གྱི་དགོས་གལ། སྤྱི་འཐུས་ཚོགས་གཙོ་དང་བཀའ་བློན་ཁྲི་པའི་གཞུང་འབྲེལ་བཀའ་སློབ་ཁག བོད་མིའི་ཆིག་སྒྲིལ་ནུས་ཤུགས་སྐོར། སྦེལ་ཀོབ་དང༌། མོན་གྷོ། ཧུན་སུར་སོགས་སུ་མང་ཚོགས་ལ་བསྩལ་བའི་གསུང་བཤད་ཁག དེ་བཞིན་གདན་ས་གསུམ་སོགས་སུ་བསྩལ་བའི་བཀའ་སློབ། བོད་གཞུང་གི་ངོ་སྤྲོད་དང་མི་མང་གི་སྟངས་འཛིན་བྱེད་ཕྱོགས། བོད་ཀྱི་ན་གཞོན་ཚོའི་ཆབ་སྲིད་ལང་ཕྱོགས། རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་བོད་ནང་འགྱུར་བ་མ་ཕྱིན་ན་མང་ཚོགས་ཀྱི་ཐག་གཅོད་བྱེད་ཕྱོགས། རྒྱལ་ཡོངས་མང་གཙོ་ཚོགས་ཆེན་ལ་བསྩལ་བའི་བཀའ་སློབ། གཞོན་ནུའི་ཚོགས་ཆེན་ལ་བསྩལ་བའི་བཀའ་སློབ།མང་མོས་ཐག་གཅོད་འོས་བསྡུའི་སྐོར་བསྩལ་བའི་གསུང་བཤད་ཁག་དང༌། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་དབུ་འབྱེད་ཐོག་བསྩལ་བའི་བཀའ་ཤག་གི་གསུང་བཤད། བུ་ཁྱིམ་དུ་དབུ་མའི་ལམ་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་སྐོར་བསྩལ་བའི་བཀའ་སློབ། རྒྱལ་རབས་ལོ་རྒྱུས་སྐོར་བསྩལ་བའི་གསུང་བཤད་སོགས་ཆེས་ཤིན་ཏུ་མང་ངོ། །
4) དེ་དག་ལས་གཞན་པའི་བརྗོད་གཞི་སྣ་ཚོགས་ཀྱི་སྐོར་ལ། བོད་དོན་ཐོག་དཔལ་འབྱོར་དགོས་གལ་གྱི་འབོད་བསྐུལ་གསུང་བཤད། དབྱིན་ཡུལ། ནོར་ཝེ། ཨ་རི་བཅས་སུ་ཆིབས་བསྒྱུར་ལས་སྡོམ་སྐོར། དྭངས་བླང་སྤྱི་ཚོགས་ཞབས་ཞུར་བསྩལ་བའི་བཀའ་སློབ། རྒན་གསོ་ཁང་ལ་མཚམས་འདྲིའི་བཀའ་སློབ། ཨ་རིའི་སྐོར། ངྷ་སའི་ལོ་རྒྱུས། དབུ་མའི་དཔལ་འབྱོར་ལ་བརྟེན་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས། མཉམ་འབྲེལ་རྒྱལ་ཚོགས་བྱུང་ཚུལ་དང་དེའི་དགོས་མཁོ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་སོགས་མང་དུ་མཆིས་སོ།།          དེ་ལྟར་གོང་སྨོས་ལྟར་གྱི་ཧིནྡཱི་དང་དབྱིན་སྐད་ལ་ཡང་སློབ་ཁྲིད་གནང་བ་དང་གསུང་བཤད་བསྩལ་བའི་རིགས་མང་དག་ཅིག་མཆིས་ཀྱང༌། འདིར་ཡིག་ཚོགས་ཆེ་བས་འཇིགས་ནས་མ་སྤྲོས་སོ། །
            གོང་དུ་གསལ་ཁ་བཀོད་པ་ལྟར་གྱི་སྒྲ་འཛིན་འཁོར་ཐག་དང་འོད་སྡེར་ནང་ཡོད་སོགས་གསུང་བཤད་ཀྱི་གྲས་ཕལ་ཆེ་བ་བོད་སྐད་ཐོག་བོད་མིའི་སྤྱི་ཚོགས་དང༌། དེའི་ནང་ནས་ཀྱང་གཙུག་ལག་སློབ་ཁང་འདིིའི་སློབ་གཉེར་བ་ཚོར་བསྩལ་བ་གཙོ་ཆེ་བའི་ཚུལ་དུ་ཡོད། འདིར་ཆེ་ལོང་རགས་པའི་དབང་དུ་བྱས་ནས་གསུང་རྩོམ་དང༌། གཞུང་བཤད་སློབ་ཁྲིད་དང༌། གསུང་བཤད་བསྩལ་བ་དག་གི་ནང་གསེས་ཀྱི་གསལ་ཁ་ཕྱེ་ནས་ཅུང་ཟད་བཀོད་པ་ལས། མཐའ་དག་པའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དེ་དག་གི་ཁོངས་སུ་མ་འདུས་པ་ཡང་ཇི་སྙེད་ཅིག་མཆིས་སོ། །
            དེར་མ་ཟད་གོང་དུ་གསལ་ཁ་ཕྱེ་བའི་ནང་ཚན་ཡོངས་རྫོགས་མངོན་བསྟོད་གླེགས་བམ་ཁག་གི་ནང་འཁོད་ཡོད་པའི་རྒྱུ་མཚན་གྱིས་ཀྱང་མ་ཡིན་པར། འདིར་སྤྱིར་བཏང་སྐད་ཡིག་གསུམ་གྱི་ཐོག་བཞུགས་པའི་གསུང་གི་མཛད་པའི་ཕྱག་རྗེས་ཇི་ཡོད་ཀྱི་སྐོར་སྤྱི་ལྡོག་རགས་པ་ནས་ངོ་སྤྲོད་དང་འབྲེལ་དགོངས་ཆུབ་ཐུབ་སླ་བའི་དགོས་གལ་ལ་ལྟོས་ནས་བཀོད་པ་ཞིག་གོ །
དེ་དག་ཏུ་མ་ཟད་སྐྱེས་མཆོག་དེའི་གསུང་གི་མཛད་པའི་ཕྱག་རྗེས་ཆེས་མང་པོ་ཞིག་ནི། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་འདོན་སྤེལ་གནང་བའི་དེབ་ཕྲེང་ཁག་བཞི་ལ་ངོ་ཤོག ༣༨༧༡ དང་།དེ་དག་ནང་རིན་པོ་ཆེ་མཆོག་གི་གསུང་བཤད་དང་།དྲིས་ལན་ལམ་སྟོན་སོགས་ཡིག་ཐོག་ལ་འཁོད་པ་ཁག་འདྲ་མིན་༥༢༣འཁོད་ཡོད།དེ་དག་ནང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ཀྱི་ཚོགས་གཙོའི་མཛད་འགན་བཞེས་སྐབས་གྲོས་ཚོགས་སུ་བསྩལ་བའི་གསུང་བཤད་དང་དྲི་ལན་ལམ་སྟོན་གལ་ཆེ་ཁག་དང་།དེ་བཞིན་བཀའ་ཤག་སྐབས་བཅིུས་པ་དང་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་མཛད་འགན་བཞེས་སྐབས་གྲོས་ཚོགས་སུ་བསྩལ་བའི་བཀའ་ལན་གསལ་བཤད་དང།དེ་བཞིན་ཚོགས་འདུ་དང་ཟབ་སྦྱོང་ཁག་སོགས་སུ་བསྩལ་བའི་གསུང་བཤད་དང་ལམ་སྟོན་གལ་ཆེ་ཁག་ཕྱོགས་བསྡུས་གནང་ནས་བཀོད་ཡོད།
            གཞན་ཡང་བཤེས་གཉེན་བསྟེན་ཚུལ་གཞུང་ལུགས་ནས་གསུངས་པ་ལྟར་བསམ་སྦྱོར་གཉིས་ཚུལ་བཞིན་དུ་བསྟེན་པ་གཞན་ལས་ཁྱད་པར་འཕགས་པ་ཞིག་ཡོད།ཌ་ལ་ཧོར་སིའི་གཏན་སློབ་ཀྱི་སློབ་སྤྱི་ཡིན་པའི་སྐབས་ཀྱང་ཉིན་ལྟར་ཆག་མེད་ཐོག་མཁན་ཟུར་འཇམ་དཔལ་བསམ་འཕེལ་མཆོག་གི་དྲུང་དུ་དཔེ་ཁྲིད་བཅར་གྱི་ཡོད།
རྗེས་སུ་བོད་ནས་འབྱོར་བའི་དད་ལྡན་པ་ཚོས་བཅར་དངོས་རིན་ཐང་ཅན་ཅི་འདྲ་ཞིག་ཕུལ་ཀྱང་རིན་པོ་ཆེ་གང་ཉིད་ནས་མ་བཞེས་པར་ལམ་ཁ་རུ་འཇོག་བཅུག་ན་་དགོས་མཁོ་ཅན་གྱིས་མི་ཚོས་སྒྲུག་ནས་འགྲོ་གིན་རེད་ཅེས་གསུངས་ནས་ལམ་དང་མི་ཚོགས་འདུ་སར་བཞག་གི་ཡོད་པ་རེད།
    ད་དུང་དོལ་རྒྱལ་གྱི་དོན་རྐྱེན་ཁྲོད་དམ་པ་གོང་མ་རྣམས་ཀྱི་ཚད་མའི་ལུང་དང་༧གོང་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བསྟན་པ་དང་ཆབ་སྲིད་ལ་འཁུ་བའི་ལོག་སྨྲ་བའི་སྡེ་ཁག་གིས་རྒོལ་བ་བརྩམས་པའི་ཚེ་མཐའ་གཅིག་ཏུ་རྒོལ་ལན་གནང་ཡོད།ལྷག་པར་དུ་སྲོག་འབེན་འཛུགས་ཀྱིས་དོལ་རྒྱལ་རྗེས་འབྲང་བ་ཚོ་དང་གདོང་ཐུག་ནས་དོལ་རྒྱལ་གྱི་རང་གདོང་དམར་རྗེན་འགྲེལ་བརྗོད་ལན་མང་གནང་།ད་དུང་ཕྱི་ལོ་༢༠༠༨ལོར་སྐྱེ་བ་ལན་གཅིག་འཆི་བ་ལན་གཅིག་ཡིན་ཞེས་པའི་བཀའ་སློབ་རིང་པོ་དེ་གནང་རྗེས་དོལ་རྒྱལ་རྗེས་འབྲང་ཚོ་དང་ཁ་དང་ཁ་སྤུ་སོ་སོར་ཕྱེས་ཐུབ་པ་སོགས་བླ་སློབ་དམ་ཚིག་དཀར་གཙང་དང་།བསྟན་པའི་རྗེས་འཇུག་པ་ཚོས་དམ་ཚིག་འོ་ཆུ་གཅིག་འདྲེས་སོགས་བསྟན་སྲིད་ལ་ཕན་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད།

     དེ་ལྟར་ཁྱད་ཆོས་དུ་མས་རབ་ཏུ་ཕྱུག་ཅིང་གཅེས་ཤིང་ཕངས་ལ་རིན་ཐང་ཅན་གྱི་གསུང་རྩོམ་དང་གསུང་བཤད་ལམ་སྟོན་གནང་བ་དེ་དག་ད་ལྟའི་སྤྱི་ཚོགས་ལ་ཕན་རླབས་ཆེ་བ་ཙམ་དུ་མ་ཟད།འབྱུང་འགྱུར་གྱི་མི་རབས་མང་པོ་ལ་ཡང་ཆེས་ཉེ་བར་མཁོ་བའི་སྒྲོན་མེ་ལྟ་བུར་སྣང་བས།དེ་དག་གི་རིན་ཐང་ལེགས་པར་ཤེས་པའི་སྒོ་ནས་སློབ་གཉེར་དང་འབྲེལ།བདག་ཉར་གཅེས་སྤྲས་བྱེད་པ་ནི་ནོར་བུར་ནོར་ཉམས་ཆོད་པའི་བདེན་རྟགས་མངོན་གསལ་ཅན་ཡིན་པས།འོད་སྡེར་དང་སྒྲ་འཛིན་འཁོར་ཐག་སོགས་ལས་ཕབ་བཤུས་དང་འབྲེལ་ཁ་སྐོང་གྲངས་ཚང་བཟོས་ནས།སྤར་བསྐྲུན་སོགས་ཀྱི་ལམ་ནས་མང་ཚོགས་ཀྱི་འདུན་སར་སླེབས་ཐུབ་པ་བྱེད་རྒྱུ་དེ་ནི་ཕན་རླབས་དང་དགོས་གལ་ཤིན་ཏུ་ཆེ་བའི་གནས་སུ་མངོན་ནོ།།

ཝ་ཎའི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་རྒྱལ་མཚན་རྣམ་གྲོལ་གྱིས་བརྩམས་པའི་ཟམ་གདོང་རིན་པོ་ཆེའི་རྣམ་ཐར་གཞིར་བཟུང་ཐོག་རིན་པོ་ཆེ་གང་ཉིད་ལ་དྲི་བ་དང་དྲིས་ལན་ལམ་ནས་གང་ཉིད་ཀྱི་མཛད་རྣམ་སྒྲ་འཇུག་འོད་སྡེར་ད་དུང་རིན་པོ་ཆེ་དང་ཐུགས་འདྲིས་ཡོད་པའི་གྲྭ་སར་བཅར་ཞུགས་དགེ་བཤེས་བགྲེས་པ་ཁག་ལ་བཅའ་འདྲི་སོགས་ལ་གཞིར་བཅོས་གོ་བོ་འབའ་པ་སྐལ་བཟང་འཕྲིན་ལས་དང་རྒྱལ་རོང་ཡེ་ཤེས་ཆོས་གྲུབ་གཉིས་ཀྱིས་ཕྱོགས་བསྒྲིགས་ཞུས།








0 བསམ་ཚུལ་འདོན་པ།: